《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

“མཉམ་འབྲེལ”ལ་དམ་འཛིན་དང་“མཉམ་ཤུགས”ལ་ཤུགས་སྣོན།

—— སྙན་རོང་རྫོང་གི་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་29ཡིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་པ།

མེ་འཁོར་མགྱོགས་པོ་རྒྱུག་ཐུབ་པ་ནི་མེ་འཁོར་གྱི་མགོ་ལ་རག་ལས། ཉེ་བའི་ལོ་ཤས་རིང་སྙན་རོང་རྫོང་གིས“ཏང་ཨུད་ཆེན་པོ་འཛུགས་སྐྱོང་དང་། འཕེལ་རྒྱས་ཆེན་པོར་སྐུལ་འདེད། མཉམ་འདྲེས་ཆེན་པོ་མངོན་འགྱུར”བཅས་ཀྱི་སྤྱིའི་བསམ་བཀོད་གཞིར་བཟུང་། སྔོན་ལ་ལག་བསྟར་དང་། སྔོན་ལ་ཚོད་ལྟ། འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ“མཉམ་འབྲེལ”ལ་དམ་འཛིན་དང“མཉམ་ཤུགས”ལ་ཤུགས་སྣོན་རྒྱག་པ་མཐའ་འཁྱོངས་བྱས་ཤིང་། ཏང་འཛུཌ་སྐྱོང་ལ་མཉམ་འཛིན་དང་། རྩ་འཛུཌ་མཉམ་སྐྲུན། འཕེལ་རྒྱས་ལ་མཉམ་སྐུལ། ཐོན་ཁུངས་མཉམ་སྤྱོད་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་པ་རེད།

གྲོང་ཚོའི་ཏང་ཨུད་མཉམ་འབྲེལ་གྱིས“སྒུལ་ཤུགས་ཆེན་པོ”ཆགས་པར་བྱས་པ།

སྙན་རོང་རྫོང་གིས་ཏང་འཛུགས་སྐྱོང་ལ་མཉམ་འཛིན་དང་རྩ་འཛུགས་མཉམ་འཛུགས་མཐའ་འཁྱོངས་བྱས་ཤིང་། སྲིད་འཛིན་གྲོང་ཚོ་གཞི་རྩའི་ཚན་པར་བྱས་ནས་ཏང་རྩ་འཛུགས་བཙུགས་པ་དང་། ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་བའི་གཏན་འཇགས་ཀྱི་རྣམ་པ་ལས་བརྒལ་ཏེ་སྟོབས་ཆེན་དང་ཉམས་ཞན་གྲོང་ཚོ་མཉམ་འབྲེལ་དང་། གྲོང་ཚོ་ཆེ་ཆུང་ཕན་སྦྲེལ། གྲོང་ཚོ་བཟང་ཞན་ཕན་གསབ་བཅས་བྱས་ཏེ། ཐར་ཐོར་གྱི་སྟོབས་ཤུགས་བསྡུ་རུབ་ཀྱིས་ལེགས་ཆ་མཉམ་འབྲེལ་གྱི་རྣམ་པ་ཞིག་ཆགས་པར་བྱས་པ་རེད།

《སྙན་རོང་རྫོང་གིས“འབྲོག་ཁུལ་ཆེན་པོ་དང་གྲོང་རྡལ་ཆུང་གྲས་མཉམ་འབྲེལ་གྱི་གྲོང་ཚོའི་ཏང་ཨུད”ཁྱབ་སྤེལ་གཏོང་བའི་ཚོད་ལྟའི་ལས་ཀའི་ལག་བསྟར་ཇུས་གཞི》བཏོན་ཏེ། “ས་ཁོངས་ཉེ་བ་དང་། ཐོན་ལས་འདྲ་བ། ལེགས་ཆ་གསབ་རེས། མཉམ་ལས་གཉིས་ཁེ”བཅས་ཀྱི་རྩ་དོན་གཞིར་བཟུང་། གྲོང་ཚོ་སྟོབས་ཆེན་གྱིས་སྐུལ་ཁྲིད་དང་། ཐོན་ལས་ཀྱིས་སྣེ་ཁྲིད། གྲོང་ཚོ་ཕན་ཚུན་རོགས་རམ་བཅས་ཀྱི་བྱེད་ཐབས་སྤྱད་དེ་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་29(རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་139ལ་ཁྱབ་པ)བཙུགས་ནས་དགེ་ལེན་སྐྱོན་སྤང་དང་། ཐོན་ཁུངས་མཉམ་སྤྱོད། དཔུང་སྒྲིལ་འཕེལ་རྒྱས་བཅས་ཡོང་བར་བྱས་པ་རེད།

དུས་མཚུངས་སུ་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་ཚན་ཁག་གི་ཁོངས་མི་204བཀོད་སྒྲིག་བྱས་པ་དང་། གྲོང་སྡོད་ལས་བྱེད་པ་དང་རིགས་ཁག་གི་ཆེད་ལས་ལས་བྱེད་པ་139རེས་མོས་ཀྱིས་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་དུ་ལས་ཀ་བྱེད་པར་བཀོད་སྒྲིག་བྱས་པ་རེད།

མཉམ་འགུལ་འཕེལ་རྒྱས་ཀྱིས་སྒུལ་ཤུགས་འཕེལ་བར་བྱས་པ།

སྙན་རོང་རྫོང་གིས་རིགས་དབྱེ་ནས་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་འཛུགས་པའི་གྲངས་འབོར་རྨོངས་ཚོད་ཀྱིས་གཏན་འཁེལ་མི་བྱེད་པར་ནུས་པ་འདོན་སྤེལ་དང་། མཉམ་འདྲེས་འཕེལ་རྒྱས། ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་བཅས་ཤན་འབྱེད་ཚད་གཞིར་བརྩིས་ནས་འགྲིམ་འགྲུལ་སྟབས་བདེ་བ་དང་། ཐོན་ལས་འཕེལ་རྒྱས་ཏན་ཏིག མང་ཚོགས་ཀྱི་རྨང་གཞི་ལེགས་པ་བཅས་ཀྱི་ཤང་དང་གྲོང་ཚོ་སྔོན་ལ་ཚོད་ལྟ་བྱ་ཡུལ་དུ་གཏན་འཁེལ་བྱས་ཏེ་གཅིག་ལ་ཆ་རྐྱེན་འཛོམས་ན་དེར་སྐུལ་འདེད་བཏང་བ་དང་རིམ་བཞིན་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་རེད།

དུས་མཚུངས་སུ“གྲོང་ཚོ་མཉམ་འབྲེལ་མཉམ་སྐྲུན་དང་ཤང་ཡོངས་སུ་སྐུལ་འདེད་གཏོང་བའི”འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཏེ་རྩྭ་ར་དང་། ངལ་རྩོལ་ནུས་ཤུགས། མ་དངུལ་སོགས་ཀྱི་ཐོན་ཁུངས་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས་མཉམ་འབྲེལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནང་བཅུག་སྟེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི“མཉམ་གཏོད་དང་། མཉམ་འཕར། མཉམ་ཁྲིད”བཅས་ལ་སྐུལ་འདེད་བཏང་བ་རེད། 2023ལོར་སྙན་རོང་རྫོང་ཡོངས་ཀྱི་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་ཀྱི་ཐོན་ལས་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1773.76ཟིན་ནས་གྲོང་གསེབ་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་རེད།

གཞན་ཡང་། སྙན་རོང་རྫོང་གིས་མཉམ་འབྲེལ་གྲོང་ཚོའི་ཐོན་ཁུངས་བསྡུ་སྒྲིལ་གྱིས་ཁྱད་ལྡན་འབྲོག་ལས་དང་མི་རིགས་ལག་ཤེས་བཟོ་རྩལ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“སྙན་རོང”གི་སྤུས་རྟགས་ཡག་པོ་བཏོད་ནས། སྙན་རོང་གི་ལ་ལ་དང་ཁྲ་བོ་ལའི་འབྲི་གཡག་སོགས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་6གསར་སྤེལ་བྱས་པ་དང་། “ས་བབ་4700ཡི་ཁྲ་བོ་ལའི་འབྲི་གཡག”གི་ཁྱད་ལྡན་འབྲོག་ལས་ཐོན་རྫས་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ལས་སྟེགས་བརྒྱུད་པེ་ཅིང་གི་ཁྲོམ་རར་བཏོན་པ་མ་ཟད། “སྙན་རོང”རྟགས་ཅན་གྱི་ཕྱུགས་ལས་ཐོན་རྫས་ཧུའེ་ཚའེ་དྲ་ཐོག་ཚོང་ཁང་དུ་བདེ་བླག་ངང་བཏོན་པ་རེད།

ཐོན་ཁུངས་མཉམ་སྤྱོད་ཀྱིས་མཉམ་དུ་ཕྱུག་པོ་ཆགས་པར་བྱས་པ།

སྙན་རོང་རྫོང་གིས་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད“གཅིག་གྱུར”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཚོ་ཆུང་གྲས་དང་གྲོང་ཚོ་ཉམས་ཞན་110གྲོང་ཚོ་སྟོབས་ཆེན་དང་ཆ་སྒྲིག་བྱས་ནས། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་བཏང་བས“1+1>2”གྱི་ཕན་འབྲས་མངོན་འགྱུར་བྱུང་བ་རེད།

གྲོང་ཚོ་རྐྱང་པ་འཕེལ་རྒྱས་ཀྱི་བར་མཐོངས་ཆུང་བ་དང་། གྲོང་ཚོ་རིམ་པའི་ཐོན་ལས་ཀྱི་གཞི་ཁྱོན་ཆུང་ཞིང་ཁ་ཐོར་ཡིན་པ། སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་ཀྱི་དུས་ཡུན་འགོར་བ་སོགས་ལ་དམིགས་ཏེ། ཉི་མ་ཤང་མཉམ་འབྲེལ་གྲོང་ཚོ་གཉིས་པའི་ཏང་ཨུད་ཀྱིས་རྩྭ་ར་མུའུ་ཁྲི་22དང་། ཕྱུགས་ཟོག་མགོ་གྲངས་1069 ངལ་རྩོལ་ནུས་ཤུགས་41བཅས་བསྡུས་ནས་སྟོབས་ཤུཌ་གཅིག་སྒྲིལ་གྱིས་ལས་སྣོན་ལག་རྩལ་རིམ་སྤོར་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན། ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་བཅས་བྱས་ཏེ། ཐོན་སྐྱེད་རྒྱུ་ཆ་ཆ་ཚང་པོ་མེད་པ་དང་། འགྲན་རྩོད་ནུས་པ་ཞན་པ། ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་འཇུར་མིག་ནུས་ལྡན་ངང་བསལ་བས། 2023ལོར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་210.8ཟིན་པ་དང་། དུས་མཚུངས་ལས་53.2%འཕར་ནས་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་འབྲེལ་བསྒྱུར་བ་རེད།

ལས་ཞུགས་འབབ་འཕར་གྱི་ཁྱབ་འགྱེད་ཕན་ནུས་འདོན་སྤེལ་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མང་ཚོགས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་རྒྱུན་འཁྱོངས་བྱས་ཤིང་། 2023ལོར་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་29ཡིས་མཉམ་སྡེབ་དཔལ་འབྱོར་ཁྱོན་83སྐྱེད་སྲིང་དང་སྟོབས་ཆེར་བཏང་བ་དང་མང་ཚོགས་400ལྷག་ཙམ་ལས་ཞུགས་ཐུབ་པར་བྱས་ཏེ། དུད་ཚང་3185ཡི་མི་ཁྲི་1.41ལྷག་ཙམ་ལ“ཐོན་ལས་ཀྱི་ཡོང་འབབ”བྱུང་ཞིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1500ལྷག་ཙམ་འཕར་བ་རེད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)