《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

“ལོ་ཀྲུང་དབར་གྱི་སྨན་བཅོས་འཕྲོད་བསྟེན་མཉམ་ལས་སྐས་རིམ་གསར་པར་སླེབས་པ”

ཐོ་རེངས་སུ་ལོ་སི་མི་དམངས་དམག་གི་སྨན་ཁང་ཨང་103པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལོ་སིའི་མི་དམངས་དམག་ལ་རོགས་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང(གཤམ་དུ“སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང”ཞེས་བསྡུ་རྒྱུ)གི་དགེ་རྒན་ཆེ་མོ་བ་ལིའུ་ཧའེ་ཐའོ་ཁ་པར་གྱི་སྒྲས་གཉིད་སད། སྨན་ཁང་ལ་གློ་བུར་དུ་སྙིང་ནད་ཕོག་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཞིག་སྨན་བཅོས་བྱེད་པར་སླེབས་པ་དང་ནད་གཞི་ཚབས་ཆེ་བས་ལིའུ་ཧའེ་ཐའོ་ལམ་སེང་འཕྲལ་བཅོས་ཁང་དུ་བསྐྱོད།

ནད་པའི་སྙིང་ཁ་འཕར་ཚད་དང་ཁྲག་ཤེད་ཆག་པ་སོགས་ཛ་དྲག་གི་གནས་ཚུལ་ལ་དམིགས་ཏེ་ལིའུ་ཧའེ་ཐའོ་ཡིས་སྣེ་ཁྲིད་པའི་བྲང་ཟུག་ལྟེ་གནས་ཚོགས་པས་འཕྲལ་དུ་ནད་པར་མྱུར་སྐྱོབ་བྱས་པ་རེད། “ང་ཚོས་ཛ་དྲག་ངང་གྲོས་བསྡུར་བྱས་པ་དང་དེ་སྔའི་འབྲེལ་ཡོད་ནད་བརྟག་སྨན་བཅོས་ཉམས་མྱོང་དཔྱད་གཞིར་འཛིན་ནས་སྙིང་རྩ་གཤོང་བའི་གཤགས་བཅོས་བྱས་ཏེ། ནད་པའི་ནད་གཞི་ཚོད་འཛིན་ནུས་ལྡན་ཐུབ་པ་བྱས་ཡོད”ཅེས་ལིའུ་ཧའེ་ཐའོ་ཡིས་བརྗོད།

ཛ་དྲག་སྐྱོབ་བཅོས་ནི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་རྒྱུན་གཏན་ལས་ཀའི་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་པ་དང་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ད་དུང་ལོ་སི་མི་དམངས་དམག་གི་སྨན་ཁང་ཨང་103ལ་རོགས་རམ་བྱས་ནས་རྒྱལ་ཡོངས་ཀྱི་རྙོག་འཛིང་ཆེ་བའི་གཤགས་བཅོས་ཐོག་མ་ཐེངས་མང་བྱས་ཡོད། “གཤགས་བཅོས་དེ་དག་ལེགས་སྒྲུབ་བྱུང་བ་ལས་ལོ་སིའི་ནད་པར་སྨན་བཅོས་ཐད་ཀྱི་གདམ་ག་གསར་པ་བྱུང་བ་དང་འཚོ་བའི་སྤུས་ཚད་དེ་བས་ལེགས་སུ་ཕྱིན་ཡོད”ཅེས་ལོ་སི་མི་དམངས་དམག་གི་སྨན་ཁང་ཨང་103པའི་ཡོན་ཀྲང་ཧྲ་ཝུང་སའེ་ཡིས་བརྗོད།

2019ལོ་ནས་བཟུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མུ་མཐུད་མངགས་ནས་ལོ་སིར་སྨན་རྫས་དང་། རྒྱུ་ཆ། སྨན་བཅོས་སྒྲིག་ཆས། ལག་རྩལ་བཅས་ཀྱི་རོགས་སྐྱོར་བྱས་ཡོད། ན་ནིང་ཟླ་12པར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་བཅུ་པ་ལོ་སིའི་རྒྱལ་ས་ཝན་ཐེན་དུ་འབྱོར་ནས་དུས་ཡུན་ཟླ་བ་དྲུག་གི་སྨན་བཅོས་རོགས་སྐྱོར་གྱི་ལས་དོན་སྤེལ་འགོ་ཚུགས་པ་རེད། “ཁག་དང་པོ་ནས་བཅུ་པའི་བར། སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ལོ་སིའི་ཚོགས་པ་དང་མཉམ་དུ་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་བ་དང་སྨན་བཅོས་ཁྱབ་ཁོངས་ཀྱི་མཉམ་ལས་གསར་གཏོད་བྱས་པས། ལོ་སིའི་སྨན་ཁང་གི་ནད་བརྟག་སྨན་བཅོས་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད”ཅེས་ལོ་སི་མི་དམངས་དམག་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའི་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་ཁང་ཕེང་གིས་བརྗོད།

སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ད་དུང་ཆེད་དོན་སློབ་ཁྲིད་དང་། སྨན་བཅོས་ནད་བརྟག གཅིག་གཏད་གཅིག་གི་སློབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད། སྨན་བཅོས་ལག་རྩལ་གྱི་ཤེས་བྱ་ལོ་སིའི་སྨན་དོན་མི་སྣར་བརྒྱུད་ཁྲིད་བྱས་ནས་ས་གནས་དེ་གའི་ཆེད་ལས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་བ་རེད། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རྒྱལ་སྲུང་དྲག་དཔོན་ལི་པིང་གིས་དུས་ཡུན་རིང་པོའི་ནང་། ལོ་སིར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་དམངས་ཚོགས་ཀྱི་བརྩི་འཇོག་དང་ཡིད་ཆེས་ཐོབ་ཡོད། ནད་པ་མི་ཉུང་བ་ཞིག་དེའི་སྙན་གྲགས་ཐོས་ནས་ནད་ལྟ་བར་ཡོང་བས་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་ཅེས་བརྗོད། ལོ་སི་མི་དམངས་དམག་གི་སྨན་ཁང་ཨང་103པའི་ཡོན་ཀྲང་གཞོན་པ་ཁང་ཝུའེ་ལའེ་ཡིས“ཀྲུང་གོའི་སྨན་པས་ལོ་སིར་རྒྱུན་མཐོང་ནད་ལ་བརྟག་དཔྱད་དང་སྨན་བཅོས་ཐད་གནད་འཕིགས་རོགས་སྐྱོར་བྱས་པས། ལོ་ཀྲུང་དབར་གྱི་སྨན་བཅོས་འཕྲོད་བསྟེན་མཉམ་ལས་སྐས་རིམ་གསར་པར་སླེབས་ཡོད”ཅེས་བརྗོད།

(འདི་ག་ཚགས་པར་ཁང་དུ་ཝན་ཐེན་ནས་འབྱོར་བའི་གློག་འཕྲིན)