《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

རང་རྒྱལ་གྱི་སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱས་པར། སྐྱེ་ཁམས་ཁོར་ཡུག་པུས་འབྲེལ་ཡོད་སྡེ་ཚན་ཁག་དང་ས་གནས་ཁག་དང་མཉམ་དུ་སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། གཙོ་གནད་དོ་དམ་ཚོད་འཛིན་གྱི་སྦགས་བཙོག་དངོས་པོ་གསར་པ་རིགས་8ཕྱོགས་ཡོངས་ནས་མེད་པར་བཟོས་པས་བཅོས་སྐྱོང་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་པུས་སྣེ་ཁྲིད་པ་དང་སྡེ་ཚན་15ལས་གྲུབ་པའི་སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་པུའུ་དབར་གྱི་མཐུན་སྦྱོར་ཚོགས་ཆུང་བཙུགས་ཏེ། ཁྲིམས་སྲོལ་གྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཡོད། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་གི་འབྲེལ་ཡོད་བླང་བྱ་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ནང་བཅུག་པ་དང་རྫས་འགྱུར་དངོས་པོའི་ཁོར་ཡུག་ཉེན་ཁའི་དོ་དམ་ཁྲིམས་སྲོལ་བཟོ་བའི་ལས་དོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞིའི་ནང་བཅུག་ཡོད། རྫས་འགྱུར་དངོས་པོ་གདམ་གསེས་སྔོན་ལ་ཚོད་སྐོར་བྱེད་པའི་ལག་རྩལ་གྱི་ཁྲིད་སྟོན་སྒྲིག་སྲོལ་དང་རྫས་འགྱུར་དངོས་པོའི་ཁོར་ཡུག་དང་བདེ་ཐང་གི་གནོད་འཚེར་ཚོད་སྐོར་བྱེད་པའི་ལག་རྩལ་གྱི་ཁྲིད་སྟོན་སྒྲིག་སྲོལ་སོགས་ལག་རྩལ་གྱི་ཚད་གཞི་དང་ལག་རྩལ་ཡིག་ཆ་མང་པོ་བཀྲམ་ནས་ལག་བསྟར་བྱས་ཏེ། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་གི་ལག་རྩལ་ཚད་གཞིའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད་པའི་མངོན་གསལ་དོད་པའི་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ཡོད། སྐྱེ་ཁམས་ཁོར་ཡུག་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་གྱིས་མཉམ་དུ་གཙོ་གནད་དོ་དམ་ཚོད་འཛིན་གྱི་སྦགས་བཙོག་དངོས་པོའི་གསལ་ཐོ་ཁག་དང་པོ་བཀྲམ་སྟེ་གཙོ་གནད་དོ་དམ་ཚོད་འཛིན་གྱི་སྦགས་བཙོག་དངོས་པོ་གསར་པ་རིགས་14ལ་བཀག་སྡོམ་དང་། ཚོད་འཛིན། ཕྱིར་འབུད་ཚོད་འཛིན་སོགས་སྐྱེ་འཕེལ་གྱི་དུས་འཁོར་ཧྲིལ་པོའི་ཁོར་ཡུག་ཉེན་ཁ་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱས་ཡོད། སྦགས་བཙོག་དངོས་པོ་གསར་པའི་ཁོར་ཡུག་ཉེན་ཁ་མཐིལ་རྟོགས་བརྟག་དཔྱད་བྱས་ཡོད། 《རྫས་འགྱུར་དངོས་པོའི་ཁོར་ཡུག་ཆ་འཕྲིན་བསྡོམས་རྩིས་བརྟག་དཔྱད་ལམ་ལུགས》བཀྲམ་ནས་ལས་རིགས་122དང་། ཁེ་ལས་ཁྲི་7ལྷག་ཙམ། གནོད་འཚེ་ཆེ་བའི་རྫས་འགྱུར་དངོས་པོ་རིགས་4000ལྷག་ཙམ་གྱི་ཐོན་སྐྱེད་དང་བེད་སྤྱོད་གནས་ཚུལ་ལ་བརྟག་དཔྱད་མཐིལ་རྟོགས་བྱས་ཏེ་སྦགས་བཙོག་དངོས་པོ་གསར་པ་ཁྱབ་ཚུལ་ཤེས་རྟོགས་རགས་ཙམ་བྱས་ཡོད། རྫས་འགྱུར་དངོས་པོ་གསར་པའི་ཁོར་ཡུག་དོ་དམ་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“མངོན་མེད་ཀྱི་སྦགས་བཙོག་དངོས་པོ་གསར་པ”དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱེད་སྒོ་དང་སྐྱེ་ཁམས་ཁོར་ཡུག་ཏུ་མ་ཁྱབ་སྔོན་འགོག་བྱས་ཡོད། མིག་སྔའི་བར་རྫས་འགྱུར་དངོས་པོ་གསར་པ་ཁྲི་2ལྷག་ཙམ་ཐོ་འགོད་ལ་ཆོག་མཆན་སྤྲད་པ་དང་ཁོར་ཡུག་ཉེན་ཁའི་ཚོད་འཛིན་བྱ་ཐབས་ཁག་3200ལྷག་ཙམ་བཏོན་ཡོད།

(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)