《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

མེ་ཏོག་རྫོང་སྤྱི་བདེ་ཅུས་ཀྱིས།

སློབ་གྲྭར་བདེ་འཇགས་འགོག་ཟོན་བྱེད་སྒོ་སྤེལ་བ།

འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་སློབ་མར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྤྱི་བདེ་ཅུས་ཀྱིས་ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་པར་ཤུགས་བརྒྱབ་ནས་ལས་སྒོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། གུང་གཞོན་སྡེ་ཚོགས་རྫོང་ཨུད་ཀྱི་རྒྱབ་སྐྱོར་འོག་མེ་ཏོག་རྫོང་སློབ་འབྲིང་དུ་བསྐྱོད་དེ“ཉེན་རྟོག་པས་གཞོན་ནུར་སྲུང་སྐྱོབ་བྱེད། གཞོན་ནུས་རང་སྲུང་ནུས་ལྡན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བདེ་འཇགས་འགོག་ཟོན་གྱི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོའི་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་རང་སྲུང་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་བདེ་འཇགས་འགན་འཁྲི་ནན་དུ་བཏང་ནས་སློབ་གྲྭའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད་རེད།

བྱེད་སྒོར་མི་དམངས་ཉེན་རྟོག་པས་ཁ་གསལ་གོ་བདེ་དང་གསོན་ཉམས་ལྡན་པའི་སྐད་ཆའི་ཐོག་ནས་སློབ་མར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིའི་ལྐོག་གཡོ་གསར་པ་དང་བྱ་ཐབས་གསར་པ་བརྗོད་པ་དང་། བྲིན་རྫུ་དང་ངོ་ཤེས་ཡིན་ཁུལ་བྱེད་པ་སོགས་སློབ་མ་ཚོར་ཁ་བསླུས་ཐེབས་སླ་བའི་དྲ་རྒྱའི་གཡོ་ཇུས་ཀྱི་རྫུན་རྐུབ་བརྟོལ་བ། དངོས་ཡོད་གྱོད་དཔེ་དྲངས་ནས་གློག་དམར་པོ་སྦར་རུང་བསྐྱོད་པ་དང་རང་དགར་གཞུང་ལམ་འཕྲེད་བཅད་གཏོང་བ་སོགས་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེ་གསལ་བཤད་བརྒྱབ་ནས། སློབ་མ་ཚོར་ཕར་འགྲོ་ཚུར་འོང་བྱེད་སྐབས་འགྲུལ་པ་ཚད་བརྒལ་བླུགས་པའི་རླངས་འཁོར་ལ་སྡོད་མི་རུང་བའི་ཁ་ཏ་བསླབ་བྱ་བྱས་པ་རེད། གཞན་ཡང་། གང་འདྲ་ཞིག་ལ་སློབ་གྲྭའི་བརྙས་བཅོས་ཟེར་བ་དང་། སློབ་གྲྭའི་བརྙས་བཅོས་ཀྱི་རིགས་དབྱེ། སློབ་གྲྭའི་བརྙས་བཅོས་ཐོན་རྐྱེན། སློབ་གྲྭའི་བརྙས་བཅོས་ཀྱི་གནོད་འཚེ། སློབ་གྲྭའི་བརྙས་བཅོས་ལ་ཁ་གཏད་ཇི་ལྟར་གཅོག་པ་དང་སྔོན་འགོག་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་གནད་དོན་ནས་འགོ་བཙུགས་ཏེ་སྟབས་བདེ་ལ་སྤྱོད་གོ་ཆོད་པའི་བརྙས་བཅོས་བཀག་འགོག་བྱེད་སྟངས་དཔེ་སྟོན་དང་སློབ་མར་ནང་སྦྱོང་བྱས་པ་བརྒྱུད། སློབ་མ་ཚོས་སློབ་གྲྭའི་བརྙས་བཅོས་གཏུམ་སྤྱོད་ལ་ཁ་གཏད་གཅོག་པའི་རྒྱུན་ཤེས་ཤེས་པ་དང་། རང་སྲུང་གི་གནད་འགག་ཁོང་དུ་ཆུད་ཡོད། (སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)