《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

རི་བོ་ཆེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།

རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་ཐོག་མ་ཞུ་སྦྱོར་བྱས་པ།

འདི་ག་ཚགས་པར་ཁང་དུ་རི་བོ་ཆེ་ནས་གློག་འཕྲིན་འབྱོར་གསལ། རི་སྐྱེས་སྲོག་ཆགས་ནི་རང་བྱུང་སྐྱེ་ཁམས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་མེད་དུ་མི་རུང་བའི་ཐོན་ཁུངས་ཤིག་ཡིན་པས། དེས་སྐྱེ་ཁམས་དོ་སྙོམས་སྲུང་སྐྱོང་དང་རང་བྱུང་ཁོར་ཡུག་ལེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། རི་བོ་ཆེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཉེས་དོན་ཞིབ་དཔྱོད་སྡེ་ཚན་གྱིས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་དོགས་ཡོད་གྱོད་གཞི་ཞིག་སྒྲུབ་གཉེར་བྱེད་སྐབས། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཡོད་སྲིད་པའི་ངོས་འཛིན་བྱས་ནས། ལས་ཀའི་གཏན་འབེབས་གཞིར་བཟུང་སྤྱི་ཕན་གཏུག་བཤེར་སྡེ་ཚན་ལ་ཁུངས་སྣེ་རྩིས་སྤྲད་ཡོད། ཉེས་དོན་དང་དམངས་དོན་སྦྲེལ་མཐུད་དང་ཕྱོགས་བསྡུས་འགན་འཁྲི་སྒྲུབ་པ་སོགས་ཀྱི་བྱ་ཐབས་བརྒྱུད། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ཉེས་དོན་དང་དམངས་དོན་གྱི་འགན་འཁྲི་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། ཉེས་དོན་འགན་འཁྲི་བདའ་འདེད་དང་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གཉིས་ཀྱི་འགན་འཁྲི་བསྒྲུབས་ཏེ་ཞིབ་དཔྱོད་ལྟ་སྐུལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།

2023ལོའི་ཟླ་10པར། ཧོ་ཆེ་གེ་མོ་སོགས་མི་གསུམ་རི་བོ་ཆེ་རྫོང་ཟམ་ཁ་ཤང་རྡོ་རི་ཁའི་དབྱར་དུས་འབྲོག་རར་བསྐྱོད་ནས། ལྕགས་སྐུད་ཀྱི་རྙི་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རི་སྐྱེས་སྲོག་ཆགས་གླ་བ་4ཁྲིམས་འགལ་ངང་རྔོན་པ་རེད། གསལ་འབྱེད་བྱས་པ་བརྒྱུད། གླ་བ་4པོ་ཚང་མ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་དང་དེའི་རིན་ཐང་མི་དམངས་ཤོག་སྒོར་ཁྲི་12ཟིན་གྱི་ཡོད། ཧོ་ཆེ་གེ་མོ་སོགས་མི་གསུམ་གྱི་བྱེད་སྤྱོད་ལས་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་གནོད་འཚེ་བཏང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་དོ་སྙོམས་ལ་གཏོར་སྐྱོན་བཏང་བ་མ་ཟད། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལའང་གནོད་འཚེ་བཏང་ཡོད།

འདྲི་ཞིབ་བྱས་པ་བརྒྱུད། རི་བོ་ཆེ་རྫོང་མི་དམངས་ཁྲིམས་ཁང་གིས་ཧོ་ཆེ་གེ་མོ་སོགས་མི་གསུམ་གྱིས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་ཉེས་པ་བསགས་པར་བརྟེན་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་བ་གསུམ་གྱི་ཉེས་ཆད་སོ་སོར་བཅད་པ་དང་སྦྲགས། དངུལ་ཆད་ཀྱང་བཏང་བ་རེད། དེ་དང་ཆབས་ཅིག་རི་བོ་ཆེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་བྱས་པའི་ཉེས་དོན་ཞོར་འབྲེལ་གྱི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་རེ་ཞུ་ཚང་མར་རྒྱབ་སྐྱོར་བྱས་ནས། ཞུ་སྦྱོར་ཕྱི་མ་གསུམ་ལ་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་གྱོང་གུན་སྐྱིན་ཚབ་སྒོར་ཁྲི་12འཇལ་དགོས་པའི་དཔྱད་མཚམས་བཀའ་རྒྱ་བཏང་བ་དང་འབྲེལ། རྫོང་རིམ་པ་ཡན་གྱི་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་ངང་དགོངས་དག་ཞུས་ཡོད། གྱོད་དོན་དེ་ནི་རི་བོ་ཆེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་གཉེར་བྱས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་ཐོག་མ་ཡིན་ཞིང་། དེ་ལས་རི་བོ་ཆེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་འཚོལ་ཞིབ་དང་རི་སྐྱེས་སྲོག་ཆགས་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་ཡོད།