《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

བྲག་གཡབ་རྫོང་སྤྱི་བདེ་ཅུས་འཁོར་རྭ་མངཌ་གཏོང་ཁང་གིས།

མི་ཧྲེང་རྒན་རྒོན་གྱི་སྡོད་ཁང་ལ་སྒྱུར་བཀོད་བྱས་པ།

འདི་ག་ཚགས་པར་ཁང་དུ་བྲག་གཡབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་འཁོར་རྭ་ཤང་རྡོ་ཟམ་ཁ་གྲོང་ཚོའི་མི་ཧྲེང་རྒན་རྒོན་པ་སངས་ལྷ་མོས་སྒྱུར་བཀོད་བྱས་ནས་རྣམ་པ་གསར་རྐྱང་དུ་གྱུར་བའི་སྡོད་ཁང་ལ་ལྟ་བཞིན་བྲག་གཡབ་རྫོང་སྤྱི་བདེ་ཅུས་འཁོར་རྭ་མངགས་གཏོང་ཁང་གི་སུའོ་ཀྲང་གྲགས་པའི་ལག་པ་ནས་འཇུས་ཏེ་སེམས་འགུལ་ཆེན་པོས། “ང་ལ་བརྙན་འཕྲིན་གསར་པ་ཞིག་ཡོང་གི་རེད་བསམ་པ་རྨི་ལམ་དུའང་འཁོར་མྱོང་མེད། ང་འདི་ལོ་ལོ་70ལ་སླེབས་སོང་། མ་གཞི་བྱས་ན་རེ་བ་གང་ཡང་བྱེད་ཀྱི་མེད། འོན་ཀྱང་ཁྱེད་ཚོས་ང་ལ་རེ་བ་སྦྱིན་བྱུང་། ངས་ངེས་པར་དུ་འཚོ་བ་ཡག་པོ་ཞིག་སྐྱེལ་གྱི་ཡིན”ཞེས་བཤད།

པ་སངས་ལྷ་མོ་ནི་ཏང་ཡོན་རྒན་གྲས་ཤིག་ཡིན་ཞིང་། འདི་ལོ་ལོ་70ལ་སླེབས་ཡོད། ཁོང་ནི་རྡོ་ཟམ་ཁ་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་གི་ཡུལ་མི་ཞིག་ཡིན་ཞིང་། བུ་ཕྲུག་མེད་པས་སོ་སོ་གཅིག་པུར་འཚོ་བ་སྐྱེལ་གྱི་ཡོད། དུས་ཡུན་རིང་པོའི་ནང་། འཁོར་རྭ་མངགས་གཏོང་ཁང་གི་སུའོ་ཀྲང་གྲགས་པས་མི་དམངས་ཉེན་རྟོག་པ་ཁྲིད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་འཚམས་འདྲི་བྱེད་རིང་། རྒྱུན་དུ་པ་སངས་ལྷ་མོའི་ཁྱིམ་དུ་བསྐྱོད་དེ་ཁོང་གི་གཟུགས་པོ་དང་འཚོ་བ་སོགས་ཀྱི་གནས་ཚུལ་སྐད་ཆ་འདྲི་བ་དང་འཚམས་འདྲི་བྱེད་ཀྱི་ཡོད་པས། མི་དམངས་ཉེན་རྟོག་པ་ཚོའང་རིམ་གྱིས་རྒན་རྒོན་གྱི་ཕྲུ་གུ་ལྟར་གྱི་རེ་བ་བཅོལ་ཡུལ་དུ་གྱུར།

ཉེ་ཆར། གྲགས་པས་པ་སངས་ལྷ་མོའི་ཁྱིམ་དུ་སྐྱོད་སྐབས་ཁོང་གི་སྡོད་ཁང་གོག་ཧྲུལ་ཡིན་པ་མཐོང་། མངགས་གཏོང་ཁང་དུ་ཕྱིར་ལོག་རྗེས་གྲགས་པའི་ཡིད་ངོར་རྒན་མོ་པ་སངས་ལྷ་མོའི་ཁང་པ་གོག་ཧྲུལ་དེ་འཆར་ནས་གཉིད་ཁུག་ཐབས་བྲལ།

ཉིན་གཉིས་པར་གྲགས་པས་མངགས་གཏོང་ཁང་གི་མི་དམངས(ལས་རོགས) ཉེན་རྟོག་པར་རྒན་མོའི་ཁྱིམ་གྱི་གནས་ཚུལ་དེ་བཤད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་རྗེས་མངགས་གཏོང་ཁང་གི་མི་དམངས(ལས་རོགས)ཉེན་རྟོག་པས་ཐེ་ཚོམ་སྤུ་ཙམ་མེད་པར་རང་མོས་ངང་མ་དངུལ་གྲབས་པ་དང་ཐུན་མོང་ཐོག་ནུས་ཤུགས་བཏོན་ནས་རང་ཉིད་ཀྱི་སྟོབས་ཤུགས་ཆུང་ངུས་པ་སངས་ལྷ་མོར“བསམ་ འདུན་ལྟར་གྱི་སྡོད་ཁང”ཞིག་སྒྱུར་བཀོད་བྱེད་རོགས་བྱེད་འདོད་ཡོད་ཚུལ་བཤད།

འཁོར་རྭ་མངགས་གཏོང་ཁང་གིས་ཁྱོན་སྒོར་ཁྲི་1ལྷག་ཙམ་གྲབས་ནས་པ་སངས་ལྷ་མོར་པང་ལེབ་དང་། བརྙན་འཕྲིན། གློག་ཕྲུ། ཕོ་ཁེབས། ཆ་སྒམ། བོད་བཟོའི་ཁ་གདན་དང་རྒྱབ་སྙེས། ཁྱིམ་སྤྱོད་གློག་ཆས་དང་འཚོ་བའི་མཁོ་ཆས་སོགས་ཉོས་པ་རེད།

མི་དམངས(ལས་རོགས)ཉེན་རྟོག་པ་རྣམས་ཀྱིས་ལས་བགོས་ཁ་གསལ་བྱས་ཏེ་ཁང་པར་གཙང་སྦྲ་དང་། ས་ངོས་སྙོམས་པ། ས་གདན་འདིང་བ། གྱང་རས་སྦྱོར་བ། ཁྱིམ་ཆས་བརྗེ་བའི་ལས་ཀར་འབད།

ཉིན་མཚན་གཉིས་རིང་འབད་འཐབ་བྱས་པ་བརྒྱུད། པ་སངས་ལྷ་མོའི་ཁང་པ་གོག་ཧྲུལ་དེ་གཞི་ནས་དཀར་ཆ་དོད་པའི་ཁང་པ་གསར་པར་གྱུར་ཞིང་། ཁང་པའི་ནང་ཉལ་ཁྲི་གསར་པ་དང་། ཅོག་ཙེ། འབོལ་ཁྲི་སོགས་གང་དགོས་འཛོམས་ཡོད་ལ། ད་དུང་སྐུད་ཡོད་བརྡ་རྟགས་ཁྲིད་དེ་བརྙན་འཕྲིན་གསར་པའང་བསྒྲིགས་པས། སྡོད་ཁང་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།