《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་། (ཚན་བཏུས)

(གཟའ་འཁོར་གོང་མར་མཐུད)

◆ དོན་ཚན་བརྒྱ་དང་བདུན་ཅུ་པ། ཁྲིམས་མི་དང་ཡང་ན་ཁྲིམས་མི་མིན་པའི་རྩ་འཛུགས་ཀྱི་ལས་འགན་སྒྲུབ་མཁན་མི་སྣས་སོ་སོའི་འགན་དབང་གི་ཁྱབ་ཁོངས་ནང་གི་དོན་ཚན་གྱི་ཆར། ཁྲིམས་མིའམ་ཁྲིམས་མི་མིན་པའི་རྩ་འཛུགས་ཀྱི་མིང་ཐོག་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་ན། ཁྲིམས་མི་མིན་པའི་རྩ་འཛུགས་ལ་ནུས་པ་འཐོན་པ་ཡིན།

ཁྲིམས་མིའམ་ཁྲིམས་མི་མིན་པའི་རྩ་འཛུགས་ཀྱིས་སོ་སོའི་ལས་འགན་སྒྲུབ་མཁན་མི་སྣའི་འགན་དབང་གི་ཁྱབ་ཁོངས་ལ་ཚོད་འཛིན་བྱེད་སྐབས། སེམས་བཟང་བལྟོས་བཅས་མིར་འགྲན་རྒོལ་བྱས་མི་ཆོག

◆ དོན་ཚན་བརྒྱ་དང་དོན་གཅིག་པ། བྱ་སྤྱོད་སྤེལ་མི་ལ་ལས་ཚབ་བྱེད་དབང་མེད་པ་དང་ལས་ཚབ་བྱེད་དབང་ལས་བརྒལ་བའམ་ལས་ཚབ་བྱེད་དབང་མཇུག་བསྒྲིལ་རྗེས་སྔར་བཞིན་ལས་ཚབ་བྱ་སྤྱོད་སྤེལ་བ་ཡིན་ན། ལས་ཚབ་བྱ་ཡུལ་གྱི་མིས་དེར་རྗེས་བྱུང་ཁས་ལེན་མ་བྱས་པ་ཡིན་ན། ལས་ཚབ་བྱ་ཡུལ་གྱི་མི་ལ་ནུས་པ་མི་འཐོན་པ་ཡིན།

བལྟོས་བཅས་མིས་ལས་ཚབ་བྱ་ཡུལ་གྱི་མི་ལ་བརྡ་སྦྱོར་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་ཚུན་དུ་རྗེས་བྱུང་ཁས་ལེན་བྱེད་དགོས་པའི་སྐུལ་བརྡ་བཏང་ཆོག ལས་ཚབ་བྱ་ཡུལ་གྱི་མིས་འདོད་བློ་མ་བསྟན་ན་རྗེས་བྱུང་ཁས་ལེན་བྱས་པར་རྩི་དགོས། བྱ་སྤྱོད་སྤེལ་མིས་སྤེལ་བའི་བྱ་སྤྱོད་ལ་རྗེས་བྱུང་ཁས་ལེན་མ་བྱས་གོང་དུ། སེམས་བཟང་བལྟོས་བཅས་མིར་ཕྱིར་འཐེན་བྱེད་པའི་ཁེ་དབང་ཡོད། ཕྱིར་འཐེན་བྱེད་དུས་བརྡ་སྦྱོར་གྱི་རྣམ་པའི་ཐོག་ནས་སྒྲུབ་དགོས།

◆ དོན་ཚན་བརྒྱ་དང་དོན་གཉིས་པ། བྱ་སྤྱོད་སྤེལ་མི་ལ་ལས་ཚབ་བྱེད་དབང་མེད་པ་དང་ལས་ཚབ་བྱེད་དབང་ལས་བརྒལ་བའམ་ལས་ཚབ་བྱེད་དབང་མཇུག་བསྒྲིལ་རྗེས་སྔར་བཞིན་ལས་ཚབ་བྱ་སྤྱོད་སྤེལ་བའི་ཚེ། བལྟོས་བཅས་མིས་བྱ་སྤྱོད་སྤེལ་མི་ལ་ལས་ཚབ་བྱེད་དབང་ཡོད་པར་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཡོད་པ་ཡིན་ན། ལས་ཚབ་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན།

◆ དོན་ཚན་བརྒྱ་དང་དོན་གསུམ་པ། གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། མངག་བཅོལ་ལས་ཚབ་མཇུག་བསྒྲིལ་བ་ཡིན།

(གཅིག) ལས་ཚབ་དུས་བཀག་ལོངས་པའམ་ལས་ཚབ་དོན་ཚན་བསྒྲུབས་ཟིན་པ།

(གཉིས) ལས་ཚབ་བྱ་ཡུལ་གྱི་མིས་མངག་བཅོལ་ཕྱིར་འཐེན་བྱས་པའམ་ལས་ཚབ་པས་མངག་བཅོལ་དགོངས་ཞུ་བྱས་པ།

(གསུམ) ལས་ཚབ་པར་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བ།

(བཞི) ལས་ཚབ་པའམ་ལས་ཚབ་བྱ་ཡུལ་གྱི་མི་ཤི་བ།

(ལྔ) ལས་ཚབ་པའམ་ལས་ཚབ་བྱ་ཡུལ་གྱི་མི་ཡིན་པའི་ཁྲིམས་མི་དང་ཁྲིམས་མི་མིན་པའི་རྩ་འཛུགས་མཇུག་བསྒྲིལ་བ།

◆ དོན་ཚན་བརྒྱ་དང་དོན་བཞི་པ། ལས་ཚབ་བྱ་ཡུལ་གྱི་མི་ཤི་རྗེས་གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། མངག་བཅོལ་ལས་ཚབ་པས་སྤེལ་བའི་ལས་ཚབ་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན།

(གཅིག) ལས་ཚབ་པས་ལས་ཚབ་བྱ་ཡུལ་གྱི་མི་ཤི་བ་ཤེས་མེད་ལ་ཤེས་ཀྱང་མི་སྲིད་པ།

(གཉིས) ལས་ཚབ་བྱ་ཡུལ་གྱི་མིའི་ཤུལ་འཛིན་པས་ཁས་བླངས་པ།

(གསུམ) དབང་བསྐུར་ཡི་གེའི་ནང་དུ་ལས་ཚབ་དོན་ཚན་བསྒྲུབས་ཟིན་རྗེས་ལས་ཚབ་བྱེད་དབང་མཇུག་བསྒྲིལ་བ་ཡིན་པ་གསལ་པོར་བཀོད་ཡོད་པ།

(བཞི) ལས་ཚབ་བྱ་ཡུལ་གྱི་མི་མ་ཤི་གོང་ལས་ཚབ་བྱ་སྤྱོད་སྤེལ་ཟིན་པ་དང་། ལས་ཚབ་བྱ་ཡུལ་གྱི་མིའི་ཤུལ་འཛིན་པའི་ཁེ་ཕན་གྱི་ཆེད་དུ་མུ་མཐུད་དུ་ལས་ཚབ་བྱེད་པ།

◆ དོན་ཚན་བརྒྱ་དང་དོན་ལྔ་པ། གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། ཁྲིམས་བཀོད་ལས་ཚབ་མཇུག་བསྒྲིལ་བ་ཡིན།

(གཅིག) ལས་ཚབ་བྱ་ཡུལ་གྱི་མི་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཐོབ་པའམ་སླར་གསོ་བྱུང་བ།

(གཉིས) ལས་ཚབ་པར་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བ།

(གསུམ) ལས་ཚབ་པའམ་ལས་ཚབ་བྱ་ཡུལ་གྱི་མི་ཤི་བ།

(བཞི) ཁྲིམས་བཀོད་གནས་ཚུལ་གཞན་དག

ལེའུ་བརྒྱད་པ།

དམངས་དོན་འགན་འཁྲི།

◆ དོན་ཚན་བརྒྱ་དང་དོན་དྲུག་པ། དམངས་དོན་བྱེད་པོས་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་དོ་བདག་བར་གྱི་གྲོས་དན་ལྟར་དམངས་དོན་འོས་འགན་སྒྲུབ་དགོས་པ་དང་། དམངས་དོན་འགན་འཁྲི་འཁུར་དགོས།

◆ དོན་ཚན་བརྒྱ་དང་དོན་བདུན་པ། མི་གཉིས་ཡན་གྱིས་ཁྲིམས་ལྟར་རང་བབས་འགན་འཁྲི་འཁུར་སྐབས། འགན་འཁྲི་ཆེ་ཆུང་གཏན་འཁེལ་བྱེད་ཐུབ་པ་ཡིན་ན། རང་རང་སོ་སོས་གང་འོས་ཀྱི་འགན་འཁྲི་འཁུར་དགོས། སོ་སོའི་འགན་འཁྲི་ཆེ་ཆུང་གཏན་འཁེལ་བྱེད་མི་ཐུབ་པ་ཡིན་ན། ཆ་སྙོམས་བྱས་ནས་འགན་འཁྲི་འཁུར་དགོས།

◆ དོན་ཚན་བརྒྱ་དང་དོན་བརྒྱད་པ། མི་གཉིས་ཡན་གྱིས་ཁྲིམས་ལྟར་ཞོར་འདྲུད་འགན་འཁྲི་འཁུར་དགོས་ཚེ། ཁེ་དབང་བདག་པོར་ཞོར་འདྲུད་འགན་འཁྲི་འཁུར་མི་ཁག་ཅིག་གམ་ཡོངས་རྫོགས་ཀྱིས་འགན་འཁྲི་འཁུར་དགོས་པའི་རེ་འདུན་འདོན་དབང་ཡོད། ཞོར་འདྲུད་འགན་འཁྲི་འཁུར་མིའི་འགན་འཁྲི་འཁུར་སྐལ་དེ་སོ་སོའི་འགན་འཁྲི་ཆེ་ཆུང་གཞིར་བཟུང་ནས་གཏན་འཁེལ་བྱེད་དགོས། འགན་འཁྲི་ཆེ་ཆུང་གཏན་འཁེལ་བྱེད་ཁག་པོ་ཡོད་ཚེ་ཆ་སྙོམས་བྱས་ནས་འགན་འཁྲི་འཁུར་དགོས། དོན་དངོས་སུ་ཁུར་པའི་ཞོར་འདྲུད་འགན་འཁྲི་དེ་རང་ཉིད་ཀྱི་འཁུར་སྐལ་ལས་བརྒལ་བ་ཡིན་ན། ཞོར་འདྲུད་འགན་འཁྲི་འཁུར་མི་གཞན་དག་ལ་སྐྱིན་གསབ་བདའ་འདེད་བྱས་ཆོག

◆ དོན་ཚན་བརྒྱ་དང་དོན་དགུ་པ། དམངས་དོན་འགན་འཁྲི་འཁུར་སྟངས་གཙོ་བོ་གཤམ་གསལ།

(གཅིག) གནོད་རྐྱེན་བཟོ་མཚམས་འཇོག་པ།

(གཉིས) འགོག་རྐྱེན་སེལ་བ།

(གསུམ) ཉེན་ཁ་སེལ་བ།

(བཞི) རྒྱུ་ནོར་ཕྱིར་སློག་བྱེད་པ།

(ལྔ) མ་གཞིའི་རྣམ་པ་སླར་གསོ་བྱེད་པ།

(དྲུག) ཞིག་གསོ་དང་། བསྐྱར་བཟོ། བརྗེ་པོ་བཅས་བྱེད་པ།

(བདུན) མུ་མཐུད་དུ་སྒྲུབ་པ།

(བརྒྱད) གྱོང་གུན་སྐྱིན་གསབ་བྱེད་པ།

(དགུ) ཆིངས་འགལ་དངུལ་ཆད་སྤྲོད་པ།

(བཅུ) གནོད་པ་སེལ་བ་དང་མིང་གྲགས་སླར་གསོ་བྱེད་པ།

(བཅུ་གཅིག) དགོངས་དག་ཞུ་བ།

◆ དོན་ཚན་བརྒྱ་དང་བརྒྱད་ཅུ་པ། འགོག་ཐབས་བྲལ་བའི་ཤུགས་རྐྱེན་གྱི་དབང་གིས་དམངས་དོན་འོས་འགན་སྒྲུབ་མི་ཐུབ་པ་ཡིན་ན། དམངས་དོན་འགན་འཁྲི་འཁུར་མི་དགོས། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས། འགོག་ཐབས་བྲལ་བའི་ཤུགས་རྐྱེན་ཞེས་པ་ནི་སྔོན་དཔག་བྱེད་མི་ཐུབ་ལ་གཡོལ་ཐབས་མེད་པར་མ་ཟད་ཁྱད་གསོད་ཀྱང་བྱེད་མི་ཐུབ་པའི་ཕྱི་རོལ་ཡུལ་གྱི་གནས་ཚུལ་ལ་ཟེར།

◆ དོན་ཚན་བརྒྱ་དང་གྱ་གཅིག་པ། ལུགས་མཐུན་འགོག་སྲུང་བྱས་ནས་བཟོས་པའི་གནོད་རྐྱེན་ཡིན་ན། དམངས་དོན་འགན་འཁྲི་འཁུར་མི་དགོས། ལུགས་མཐུན་འགོག་སྲུང་དེ་ཉེར་མཁོའི་ཚད་ལས་བརྒལ་ནས་བཟོ་མི་འོས་པའི་གནོད་རྐྱེན་བཟོས་པ་ཡིན་ན། ལུགས་མཐུན་འགོག་སྲུང་བྱེད་མིས་དམངས་དོན་འགན་འཁྲི་འོས་འཚམ་ཞིག་འཁུར་དགོས།

◆ དོན་ཚན་བརྒྱ་དང་གྱ་གཉིས་པ། འཕྲལ་མར་ཉེན་གཡོལ་བྱས་ནས་བཟོས་པའི་གནོད་རྐྱེན་ཡིན་ན། ཉེན་ཁའི་གནས་ཚུལ་སློང་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས།

◆ དོན་ཚན་བརྒྱ་དང་གྱ་གསུམ་པ། མི་གཞན་གྱི་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ལ་གནོད་རྐྱེན་ཕོག་ན། དབང་གནོད་གཏོང་མིས་དམངས་དོན་འགན་འཁྲི་འཁུར་དགོས་ལ། ཁེ་ཕན་འཐོབ་མིས་གུན་གསབ་འོས་འཚམ་སྤྲད་ཆོག དབང་གནོད་གཏོང་མི་མེད་པ་དང་། དབང་གནོད་གཏོང་མི་བྲོས་བྱོལ་དུ་སོང་བའམ་དམངས་དོན་འགན་འཁྲི་འཁུར་ནུས་མེད་ཚེ། གནོད་འཚེ་ཕོག་མིས་གུན་གསབ་སྤྲོད་དགོས་པའི་རེ་འདུན་བཏོན་པ་ཡིན་ན། ཁེ་ཕན་འཐོབ་མིས་གུན་གསབ་འོས་འཚམ་ཞིག་སྤྲོད་དགོས།

◆ དོན་ཚན་བརྒྱ་དང་གྱ་བཞི་པ། རང་མོས་ཀྱིས་མྱུར་སྐྱོབ་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་མྱུར་སྐྱོབ་བྱ་ཡུལ་གྱི་མི་ལ་གནོད་རྐྱེན་བཟོས་པ་ཡིན་ན། མྱུར་སྐྱོབ་བྱེད་མིས་དམངས་དོན་འགན་འཁྲི་འཁུར་མི་དགོས།

◆ དོན་ཚན་བརྒྱ་དང་གྱ་ལྔ་པ། སྔོན་གཤེགས་དཔའ་བོ་སོགས་ཀྱི་རུས་མིང་དང་།

འདྲ་བརྙན། མིང་གྲགས། མཚན་སྙན་སོགས་ལ་གནོད་འཚེ་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་རྐྱེན་བཟོས་པ་ཡིན་ན། དམངས་དོན་འགན་འཁྲི་འཁུར་དགོས།

◆ དོན་ཚན་བརྒྱ་དང་གྱ་དྲུག་པ། དོ་བདག་ཕྱོགས་གཅིག་ལ་ཆིངས་འགལ་བྱ་སྤྱོད་བྱུང་བའི་དབང་གིས་ཕ་རོལ་པོའི་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་རྐྱེན་བཟོས་པ་ཡིན་ན། གནོད་རྐྱེན་ཕོག་ཡུལ་ཕྱོགས་ལ་དེས་ཆིངས་འགལ་འགན་འཁྲིའམ་ཡང་ན་དབང་གནོད་འགན་འཁྲི་གདམ་གསེས་བྱས་ནས་འཁུར་དགོས་པའི་རེ་འདུན་འདོན་དབང་ཡོད།

◆ དོན་ཚན་བརྒྱ་དང་གྱ་བདུན་པ། བྱ་སྤྱོད་གཅིག་པའི་རྐྱེན་གྱིས་དམངས་དོན་བྱེད་པོས་དམངས་དོན་འགན་འཁྲི་དང་། སྲིད་འཛིན་འགན་འཁྲི། ཉེས་དོན་འགན་འཁྲི་བཅས་འཁུར་དགོས་ཚེ། སྲིད་འཛིན་འགན་འཁྲིའམ་ཉེས་དོན་འགན་འཁྲི་ཁུར་པ་དེས་དམངས་དོན་འགན་འཁྲི་འཁུར་རྒྱུར་ཤུགས་རྐྱེན་མི་ཐེབས་པ་ཡིན། དམངས་དོན་བྱེད་པོའི་རྒྱུ་ནོར་གྱིས་འཇལ་སྤྲོད་བྱེད་པར་མི་འདང་བ་ཡིན་ན། སྔོན་ལ་དམངས་དོན་འགན་འཁྲི་འཁུར་བར་སྤྱོད་དགོས།

ལེའུ་དགུ་པ།

གཏུག་བཤེར་ནུས་ཡུན།

◆ དོན་ཚན་བརྒྱ་དང་གྱ་བརྒྱད་པ། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་པའི་རེ་འདུན་ཞུ་བའི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི་ལོ་གསུམ་ཡིན། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི་ཁེ་དབང་བདག་པོས་ཁེ་དབང་ལ་གནོད་རྐྱེན་ཕོག་པ་དང་དེ་བཞིན་འོས་འགན་འཁུར་མི་ཤེས་པའམ་ཤེས་དགོས་པའི་ཉིན་ནས་རྩི་དགོས། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས། ཡིན་ན་ཡང་། ཁེ་དབང་ལ་གནོད་རྐྱེན་ཕོག་ཉིན་ནས་ལོ་ཉི་ཤུ་ལས་བརྒལ་ཡོད་ན། མི་དམངས་ཁྲིམས་ཁང་གིས་སྲུང་སྐྱོབ་མི་བྱེད་པ་དང་། དམིགས་བསལ་གྱི་གནས་ཚུལ་ཡོད་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་ཁེ་དབང་བདག་པོའི་རེ་ཞུ་ལྟར་ཕྱི་འགྱངས་བྱེད་རྒྱུ་ཐག་གཅོད་བྱས་ཆོག

◆ དོན་ཚན་བརྒྱ་དང་གྱ་དགུ་པ། དོ་བདག་བར་བུན་འགན་གཅིག་རང་དུས་བགོས་ཀྱིས་འཁྲི་སྒྲུབ་བྱེད་པའི་གྲོས་དན་བཞག་ཡོད་ན། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི་དུས་བགོས་འཁྲི་སྒྲུབ་བྱེད་ཐེངས་མཐའ་མ་བའི་དུས་བཀག་ལོངས་ཉིན་ནས་རྩི་དགོས།

◆ དོན་ཚན་བརྒྱ་དང་དགུ་བཅུ་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མིས་སོ་སོའི་ཁྲིམས་བཀོད་ལས་ཚབ་པར་རེ་འདུན་ཞུ་དབང་གི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི། ཁྲིམས་བཀོད་ལས་ཚབ་དེ་མཇུག་བསྒྲིལ་ཉིན་ནས་རྩི་དགོས།

◆ དོན་ཚན་བརྒྱ་དང་གོ་གཅིག་པ། ནར་མ་སོན་པའི་མིར་འདོད་པའི་གནོད་འཚེ་ཕོག་པར་གནོད་རྐྱེན་སྐྱིན་གསབ་བྱེད་དགོས་པའི་རེ་འདུན་ཞུ་དབང་གི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི། གནོད་རྐྱེན་ཕོག་མི་རང་ལོ་བཅོ་བརྒྱད་ལ་སོན་ཉིན་ནས་རྩི་དགོས།

◆ དོན་ཚན་བརྒྱ་དང་གོ་གཉིས་པ། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ལོངས་པ་ཡིན་ན། འོས་འགན་འཁུར་མིས་འོས་འགན་མི་སྒྲུབ་པའི་དག་འབུད་བྱས་ཆོགགཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ལོངས་རྗེས། འོས་འགན་འཁུར་མིར་འོས་འགན་སྒྲུབ་པའི་མོས་མཐུན་ཡོད་ན། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ལོངས་པར་ཁ་གཡར་ནས་དག་འབུད་བྱས་མི་ཆོག འོས་འགན་འཁུར་མིས་རང་མོས་ཀྱིས་འོས་འགན་བསྒྲུབས་ཟིན་པ་ཡིན་ན། ཕྱིར་སློག་བྱེད་དགོས་པའི་རེ་འདུན་བཏོན་མི་ཆོག

◆ དོན་ཚན་བརྒྱ་དང་གོ་གསུམ་པ། མི་དམངས་ཁྲིམས་ཁང་གིས་རང་འགུལ་གྱིས་གཏུག་བཤེར་ནུས་ཡུན་སྐོར་གྱི་གཏན་འབེབས་སྤྱད་མི་འཐུས།

(མུ་མཐུད་འགོད་རྒྱུ)