《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

“ལོ་ལྔ་ཚན་བཅུ་བཞི་པར”བོད་ཀྱི་ལྗང་མདོག་དངུལ་རྩར་སྐུལ་འདེད་བརྟན་པོ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ལྗང་མདོག་དངུལ་རྩ་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་ལྗང་མདོག་དངུལ་རྩའི་འཕེལ་རྒྱས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་བོད་ཀྱི་ལྗང་མདོག་འཕེལ་རྒྱས་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། འདི་ལོའི་དུས་ཚིགས་དང་པོའི་དུས་མཇུག་ཏུ་རང་ལྗོངས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1329ཟིན་པ་དེ་དུས་མཚུངས་ལས་30.49%འཕར་ནས་དུས་ཚིགས་9བསྟུད་མར་འཕར་ཚད་གྲངས་གནས་གཉིས་རྒྱུན་འཁྱོངས་ཐུབ་སྟེ་དངུལ་བུན་ཁག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་16.94ཡིས་མཐོ་བ་ཡོད་ལ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཡང་བཏོད་ཡོད།

རང་ལྗོངས་ཀྱི་དངུལ་ཁང་སྒྲིག་གཞི་ཁག་གིས་ལྗང་མདོག་དངུལ་རྩའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལྗང་མདོག་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ཤིང་། བོད་ལྗོངས་དངུལ་ཁང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་དམིགས་ནས་བཟོས་པའི་ཡིད་རྟོན་དངུལ་བུན་ཐོན་རྫས“རི་སྔོན་དངུལ་བུན”དང་། ཞིང་ལས་དངུལ་ཁང་སྤོ་བོ་རྫོང་ཉིང་ལག་དངུལ་ཁང་གིས་ཇ་ལོའི་ལས་རིགས་ཀུང་སི་ཞིག་ལ་སྒོར་ཁྲི་100ཡི་དུས་འབྲིང་འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་བཏང་བ་དང་ཀུང་སིས་དུས་ཐེངས་དང་པོར་མུའུ་100ཡི་ཇ་རའི་ཐཱན་འདུས་གསར་སྤེལ་དང་ཉོ་ཚོང་ལེགས་གྲུབ་བྱུང་བ་དེ་ནི་རང་སྐྱོང་ལྗོངས་ཀྱི་ཐཱན་འདུས་དེ་རིགས་ཀྱི་གྲུབ་འབྲས་ཐོབ་པའི་ཉོ་ཚོང་གི་དཔེ་མཚོན་ཐོག་མ་དེ་ཡིན། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས《ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་ལས་གཉེར་པུའི་ནགས་བཟོའི་སྔོན་འཛུགས་རྗེས་གསབ་ཀྱི་དངུལ་བུན་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་ནས་ནགས་བཟོའི་སྔོན་འཛུགས་རྗེས་གསབ་ཀྱི་དངུལ་བུན་གཏོང་སྟངས་ཚད་ལྡན་དུ་བཏང་བ། ཉིང་ཁྲི་དམངས་འཚོའི་གྲོང་ཚོ་དང་གྲོང་རྡལ་དངུལ་ཁང་གིས་ཁོར་ཡུག་ཆ་འཕྲིན་སྙན་ཞུ་ཐོག་མར་ཁྱབ་བསྒྲགས་བྱས་ནས་བོད་ཀྱི་ཁོར་ཡུག་ཆ་འཕྲིན་བྱེད་མཁན་ས་གནས་ཀྱི་ཁྲིམས་མིའི་དངུལ་ཁང་དང་པོར་གྱུར་ཡོད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)