སྣང་བ་རབ་རིབ་ཀྱི་ཟླ་འོད་ཀློང་ནས། །
མཚན་མོའི་ལྷིང་འཇགས་ཀྱི་ཁུག་སོ་དེ་རུ། །
ཐ་སྙད་གསོན་པོ་ཞིག་དབྱངས་ལ་གྱེར་བཞིན། །
ཚོར་བ་རྣོན་པོ་ཞིག་སེམས་ཀྱིས་མྱངས་ཡོད། །
ཟླ་འོད་གཞོན་ནུ་ཞིག་མཁའ་ནས་འཚེར་དུས། །
སྒེའུ་ཁུང་ཕྱི་རོལ་གྱི་འཇིག་རྟེན་དཀར་པོས། །
མཚན་མོའི་ཁོར་ཡུག་གི་མུན་པ་བསལ་ཏེ། །
འཇིག་རྟེན་ཆུང་ཆུང་ལ་མཛེས་རྒྱན་སྤྲས་འདུག །
ལྷིང་འཇཌ་མཚན་མོ་ཡི་མཁའ་དབྱིངས་སྟོང་པར། །
རྒྱུ་སྐར་མེ་ཏོག་གི་ཁྲ་ཚོམ་བཞད་དུས། །
ཚོར་བ་དབྱངས་རྟ་ལ་བསྐྱོན་པའི་རྣམ་ཤེས། །
བསིལ་རླུང་འཇམ་པོ་ཡི་ཁྲོད་དུ་ངལ་གསོས། །
ཡངས་པའི་མཁའ་མཐའ་རུ་སྐར་ཚོཌ་བཀྲ་ཞིང་། །
བསིལ་ཟེར་འོད་དཀར་གྱིས་འཇིག་རྟེན་ཁྱབ་དུས། །
ཚོར་འདུ་གསོན་པོ་ཡི་གས་སྲུབས་བར་ནས། །
ཡིད་ཀྱི་ཚོར་བ་ལ་བདེ་སྣང་སྦྱིན་འོང་། །
བསིལ་རླུང་འཇམ་པོ་ཞིག་དལ་བུར་ལྡང་དུས། །
ཁུ་སིམ་གཞས་ཆུང་གི་རོལ་དབྱངས་ཉན་བཞིན། །
ཞིམ་མངར་འོ་ཇ་ཡི་བྲོ་བ་མྱོང་ཞོར། །
ནང་སེམས་ལྷིང་འཇགས་ཀྱི་རྨི་ལམ་རོལ་ཡོད། །
ཁ་ཆར་ཟམ་ཟིམ་ཞིག་མཁའ་ནས་བབས་ཏེ། །
ལུས་སེམས་ཕྱི་ནང་དེ་ཡོངས་སུ་བརླན་དུས། །
རྟོག་འགྱུའི་འཆར་སྣང་གི་འཇིག་རྟེན་བསྐྲུན་ཏེ། །
མཛེས་སྡུག་ཐ་སྙད་ཀྱི་མཁར་རྫོང་བཞེངས་ཡོད། །
སྣང་བའི་འདབ་མ་ཞིག་གཡོ་བའི་ཚལ་ན། །
ཚོར་བའི་མེ་ཏོག་ཅིག་སེམས་སུ་འཁྲུངས་དུས། །
ཚིག་ཚོགས་དབྱངས་རྟ་ཡི་རོལ་མོ་དཀྲོལ་ཏེ། །
ཡིད་འོང་ལྷིང་འཇགས་ཀྱི་འཚོ་བར་རོལ་སོང་། །