འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཅ་ཁར་ཐ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ་ཐེངས་སུམ་ཅུ་པ་ཧིན་རྡུ་ཉི་ཞི་ཡའི་གྲོང་ཁྱེར་ཅ་ཁར་ཐ་རུ་བྱས་ཤིང་། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་སུན་ཝུའེ་ཏུང་དང་འབར་མའི་ཕྱི་འབྲེལ་པུའི་བསྐོ་གཞག་བྱེད་ལ་ཉེ་བའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལས་དོན་གྱི་མཐོ་རིམ་དཔོན་རིགས་ཆིན་ཏི་ཏ་ཨའེ་གཉིས་ཀྱིས་ཐུན་མོང་ཐོག་གཙོ་སྐྱོང་བྱས་པ་རེད།
སུན་ཝུའེ་ཏུང་གིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་ལ། ཞི་བདེ་མཉམ་གནས་ཀྱི་རྩ་བའི་རྩ་དོན་ཁག་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན། དུས་བབ་གསར་པའི་འོག་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་འགྲན་སློང་མཉམ་བསུ་བྱས་ནས་ལག་གདང་སྦྲེལ་ནས་ས་ཁུལ་བརྟན་ལྷིང་གི་རྨང་གཞི་བཏིང་སྟེ། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མཐོ་ས་བསྐྲུན་པ་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་ཚ་རླབས་འཕྱུར་བར་བྱས་ནས་དེ་བས་གཏིང་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་གཏོད་འདོད་ཡོད་ཅེས་བརྗོད།