འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དུག་རྫས་ངོས་འཛིན་དང་། སྔོན་འགོག གཏན་འགོག་བཅས་ཀྱི་མང་ཚོགས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་དུག་གཅོད་དོ་དམ་ཅུས་ཀྱི་ལས་དོན་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གསང་ཡིབ་སྡེ་ཁུལ་དུ་བསྐྱོད་ནས་སྡེ་ཁུལ་དུ་དུག་འགོག་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་གྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་དུག་གཅོད་དོ་དམ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བྱེད་སྒོར་ཞུགས་མཁན་སྡེ་ཁུལ་གྱི་ལས་དོན་པ་དང་། མང་ཚོགས། གཞོན་ནུ་ལོ་ཆུང་བཅས་ལ་དུག་འགོག་དུག་གཅོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་རྒྱུན་མཐོང་གི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་དྲིལ་བསྒྲགས་བྱས་པ་དང་། དུག་རྫས་ཀྱི་ཉེན་ཁ་དང་དེ་བཞིན་དུག་རྫས་ངོས་འཛིན་དང་འགོག་ཟོན་གྱི་རྩལ་ནུས་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། དུག་འགོག་དུག་གཅོད་ཀྱི་དྲིལ་བསྒྲགས་དངོས་རྫས་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་རྡུང་རྡེག་བཅོས་སྐྱོང་གི་ཤེས་བྱའི་ཀློག་དེབ་ཀྱང་སྤྲད་དེ་མང་ཚོགས་ཀྱིས་ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྫས་རིང་དུ་སྤོང་བའི་རང་རྟོགས་རང་བཞིན་དང་། དེ་བཞིན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། “བདེ་ཐང་གི་མི་ཚེ། ལྗང་མདོག་དུག་མེད”ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་མཉམ་དུ་སྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་བ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)