འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོ”ཨང་དགུ་པ་འཆར་བའི་སྐབས་སུ། རྒྱལ་ཁབ་ཀྱི་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་དམིགས་བསལ་ཞིག་སྒྲིག་འཛུགས་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། ཉིང་ལག་རུ་ཁག་གིས“གངས་ལྗོངས་ཀྱི་མཐའ་མཚམས་འགག་སྒོར་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”ཁྱད་ཆོས་གང་ལེགས་བཏོན་ནས“4·15”དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཞིབ་ཚགས་བྱས་པ་རེད། རྫོང་རྒྱབ་ཀླུ་ཁང་དུ་མངོན་གསལ་དོད་པའི་སྦྱར་ཡིག་དང་འཕྲེད་འགེལ་སྦྱར་ཡིག་ལ་མང་ཚོགས་ཀྱི་ཡིད་དབང་འཕྲོག་ཡོད། སྦྱར་ཡིག་དེ་དག་ལས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་གལ་ཆེའི་རང་བཞིན་མངོན་པ་མ་ཟད། སྤྱི་དམངས་ཚང་མས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་དབང་ཆ་དང་འོས་འགན་བློ་ལ་བརྟན་པོར་ངེས་དགོས་པའི་དྲན་སྐུལ་ཡང་བྱས་ཡོད།
བསྡོམས་རྩིས་ལ་གཞིགས་ན། བྱེད་སྒོ་སྤེལ་ཉིན་པར་རིས་དང་དྲིལ་བསྒྲགས་དཔྱད་ཡིག་500ལྷག་ཙམ་དང་བཅའ་ཁྲིམས་ཀྱི་དཔེ་དེབ་300ལྷག་ཙམ་སྤྲད་པ་དང་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་500ལྷག་ཙམ་ཟིན་པས། མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་དང་བཅའ་ཁྲིམས་བྱང་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་ལ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་གང་སར་བཅའ་ཁྲིམས་སློབ་སྦྱོང་དང་མི་ཚང་མས་ཁྲིམས་སྲུང་བའི་རྣམ་པ་བཟང་པོ་ཞིག་གཏོད་བར་རྨང་གཞི་བཏིང་ཡོད་པ་རེད།
(མཚམས་གཅོད་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)