འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱ་མ་ཤང་དུ་2024ལོའི་ཁྲིམས་སྐྱོང་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། རྒྱ་མ་ཤང་གི་གྲོང་ཚོ་ཁག་གི“ཨུ་ལྷན་གཉིས”ཀྱི་ཨུ་ཡོན་དང་། གཞི་རིམ་གྱི་སྒྲོག་འགྲེལ་པ། དེ་བཞིན་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་ཁག་གཅིག་བཅས་ཁྱོན་མི་60ལྷག་ཙམ་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་རིང་། མལ་གྲོ་གུང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བཅའ་ཁྲིམས་སྒྲོག་འགྲེལ་པས་གྲོང་མིའི་འཚོ་བའི་དོན་དངོས་ལ་གཞིགས་ནས། ཁྱིམ་མཚེས་དབར་གྱི་རྒྱུན་ཐོན་རྩོད་གཞི་དང་། ཁྱིམ་ཚང་གི་གཉེན་སྒྲིག་རྩོད་གཞི། གན་རྒྱའི་རྩོད་གཞི། གློག་འཕྲིན་ཁ་བསླུས། འགྲིམ་འགྲུལ་བདེ་འཇགས། སྤྱི་ཕན་གཏུག་བཤེར་ཁྱབ་ཁོངས་སོགས་བརྗོད་དོན་གཙོ་བོར་དམིགས་ཏེ། ཉེ་འགྲམ་གྱི་གྱོད་དཔེ་དངོས་འཇུག་སྒོར་བྱས་ནས་གོ་བདེ་ཤེས་སླའི་སྐད་ཆ་སྤྱད་དེ་གྱོད་གཞིར་གཞིགས་ནས་བཅའ་ཁྲིམས་ལ་འགྲེལ་བཤད་བརྒྱབ་པ་དང་ཞིང་འབྲོག་མང་ཚོགས་ཚོར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་བརྒྱབ་པ་རེད།
“སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི། མང་ཚོགས་ཚོས་བཅའ་ཁྲིམས་ཤེས་བྱ་སྔར་བས་སློབ་སྦྱོང་བྱེད་པ་དང་། སྤྱི་དམངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། མང་ཚོགས་ཀྱིས་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་ལ་བརྩི་སྲུང་ཞུ་བ་བཅས་ཧུར་ཐག་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དེ་རེད། དེ་རིང《རྩ་ཁྲིམས》དང་། 《ཉེས་ཁྲིམས》 《དམངས་དོན་ཁྲིམས་གཞུང》བཅས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་ཚན་ལ་གྲོས་འཆམ་བྱུང་ནས་ཞིབ་ཕྲའི་གྱོད་དཔེ་དང་ཟུང་འབྲེལ་གྱིས་གྱོད་གཞིར་གཞིགས་ཏེ། བཅའ་ཁྲིམས་ལ་འགྲེལ་བཤད་བརྒྱབ་པར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད”ཅེས་སྒྲོག་འགྲེལ་པ་བསོད་ནམས་ཚེ་རིང་གིས་བཤད།
རྒྱ་མ་ཤང་སློང་མདའ་གྲོང་ཚོའི་གཞི་རིམ་གྱི་སྒྲོག་འགྲེལ་པ་ཡེ་ཤེས་རྣམ་རྒྱལ་གྱིས“དེ་རིང་གི་སྒྲོག་འགྲེལ་བྱེད་རིང་ང་ཚོར་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་ངོ་སྤྲོད་བྱས་པས། ངའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་སོང་། ཕྱིར་ལོག་རྗེས་ངས་དེ་རིང་སྦྱངས་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་ཞིང་འབྲོག་མང་ཚོགས་ཚོར་སྒྲོག་འགྲེལ་བྱེད་ཀྱི་ཡིན”ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་8ཉིན་ནས་བཟུང་། མལ་གྲོ་གུང་དཀར་རྫོང་གིས་ཁྲིམས་སྐྱོང་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། རྫོང་སྲིད་གཞུང་གཞུང་ལས་ཁང་དང་། རྫོང་ཨུད་དྲིལ་བསྒྲགས་པུའུ། འཐབ་ཕྱོགས་གཅིག་གྱུར་པུའུ། སྲིད་ཁྲིམས་ཨུ་ལྷན། ཞིབ་དཔྱོད་ཁང་། ཁྲིམས་ཁང་། ཁྲིམས་འཛིན་ཅུས། སློབ་གསོ(ལུས་རྩལ)ཅུས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་ཚན་པའི་སྒྲོག་འགྲེལ་པ་དེར་ཞུགས་ཡོད།
མིག་སྔའི་བར་ཁྲིམས་སྐྱོང་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་9བྱས་པར་ཕན་པ་ཐོབ་མཁན་མང་ཚོགས་710ལྷག་ཙམ་ཟིན་པ་དང་ཆབས་ཅིག གཞི་རིམ་གྱི་སྒྲོག་འགྲེལ་པས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ(ས་ཚིགས)སོགས་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་དེ་བཞིན་སྐྱེ་ཁམས་ཤེས་དཔལ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ སོལ་རླངས་ཀྱི་བདེ་འཇགས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་སྤྱོད་ཆེན་པོ་སོགས་ཀྱི་ནང་དོན་ལ་དམིགས་ནས་ཁྱོན་སྒྲོག་འགྲེལ་ཐེངས་40ལྷག་ཙམ་བྱས་པར་ཕན་པ་ཐོབ་མཁན་མང་ཚོགས་2300ལྷག་ཙམ་ཟིན་ཡོད་པ་རེད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)