འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ལྟེ་གནས་དེས་ལས་སྒོ་གཉེར་སྐབས་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་མཁན་ལས་བཟོ་ཁག་གཅིག་གིས་དཔྱད་གཞིའི་ཡིག་རིགས་རྫུན་མ་བཟོས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་རྒྱུའི་རེ་ཞུ་བྱས་པ་ཤེས་རྟོགས་བྱུང་བ་རེད། བྱེད་སྤྱོད་དེ་རང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལས་ཚབས་ཆེན་འགལ་བ་ཞིག་རེད། སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་མཁན་རྒྱ་ཆེའི་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་དང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་ཀའི་རྒྱུན་གཏན་སྒྲིག་ལམ་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གཡོ་ལེན་བྱེད་མཁན་ལས་བཟོ་19ཡི་མིང་ཐོ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་མ་ཟད“མིང་ཐོ་ནག་པོའི”ནང་བཅུག་པས་ལོ་གསུམ་ནང་ཚུན་དུ་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་གཡར་བ་སོགས་ཀྱི་ལས་སྒོ་གཉེར་ཆོག་གི་མེད་པ་རེད།
སྡོད་ཁང་སྤྱི་གསོག་མ་དངུལ་གཡོ་ལེན་བྱེད་པའི་གཤམ་གསལ་གྱི་བྱེད་སྤྱོད་དེ་རིགས་ལ་ཆད་པ་ནན་པོ་གཅོད་རྒྱུ།
1.ཁང་པ་ཉོ་བའི་དཔྱད་གཞིའི་ཡིག་རིགས་རྫུན་མ་དང་འགུལ་མེད་རྒྱུ་ནོར་གྱི་ཐོ་འགོད་ལག་ཁྱེར་རྫུན་མ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་སྤྱི་གསོག་མ་དངུལ་གཡོ་ལེན་བྱེད་པ་དང་།
2.དངུལ་བུན་གན་རྒྱ་རྫུན་མ་དང་། ཡིད་རྟོན་སྙན་ཞུ་རྫུན་མ། གཉེན་སྒྲིག་ལག་ཁྱེར་རྫུན་མ། དངུལ་བུན་འཇལ་ཐོ་ཞིབ་ཕྲ་རྫུན་མ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གཡོ་ལེན་བྱེད་པ།
3.གཉེན་སྒྲིག་གི་ཆ་འཕྲིན་རྫུན་མ་དང་། སྒེར་ཁང་མེད་པའི་ངོ་སྤྲོད་ཡི་གེ་རྫུན་མ། ལས་ཤག་ཏུ་སྡོད་པའི་ངོ་སྤྲོད་ཡི་གེ་རྫུན་མ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་སྤྱི་གསོག་མ་དངུལ་གཡོ་ལེན་བྱེད་པ།
4.འཆར་འགོད་ཞིབ་མཆན་གྱི་བསམ་འཆར་རྫུན་མ་དང་འགུལ་མེད་རྒྱུ་ནོར་བདག་དབང་གི་ལག་ཁྱེར་རྫུན་མ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་སྤྱི་གསོག་མ་དངུལ་གཡོ་ལེན་བྱེད་པ།
5.ནད་གཞི་ཚབས་ཆེན་ཕོག་པའི་ངོ་སྤྲོད་ཡི་གེ་རྫུན་མའམ་ཡང་ན་སྨན་བཅོས་འགན་བཅོལ་གྱི་དུས་རྩིས་དཔང་འཛིན་རྫུན་མ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་སྤྱི་གསོག་མ་དངུལ་གཡོ་ལེན་བྱེད་པ་བཅས་སོ།
འབྲེལ་ཡོད་ཐག་གཅོད་བྱ་ཐབས།
གཞན་ཡང་། སྒེར་གྱིས་གཞུང་ཐམ་ལྐོག་བརྐོ་དང་། ཐེམ་ཐོ་རྫུན་མ་དང་གཉེན་སྒྲིག་ལག་ཁྱེར་རྫུན་མ་བཟོ་བ། གན་རྒྱ་དང་སྤ་སེ་རྫུན་མ་བཟོ་བ། ངོ་སྤྲོད་ཡི་གེ་རྫུན་མ་བཟོ་བ་སོཌ་ཀྱི་བྱེད་སྤྱོད་ཚང་མ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཁོངས་སུ་གཏོགས་ཀྱི་ཡོད། བར་སྦྲེལ་ལས་ཁུངས་དང་འབྲེལ་ཡོད་ཚན་པའམ་ཡང་ན་མི་སྒེར་གྱིས་གལ་ཏེ་གོང་གསལ་གྱི་བྱེད་སྤྱོད་དེ་དག་ལ་བརྟེན་ནས་ཁེ་ཕན་རག་ཐབས་བྱས་པ་ཤེས་ཚེ། རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་འབྲེལ་ཡོད་མི་སྣར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་དང་། གནས་ཚུལ་ཚབས་ཆེན་རིགས་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱེད་པར་རྩིས་སྤྲོད་ཀྱི་ཡིན།
སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་མཁན་ལས་བཟོས་བར་སྦྲེལ་ལས་ཁུངས་བརྒྱུད་ཁང་པའི་བདག་དབང་སྒྱུར་བའི་འགྲོ་ལུགས་རྫུན་མ་གཉེར་བའམ་ཡང་ན་ལག་ཁྱེར་རྫུན་མ་དང་། ཁང་པ་ཉོ་བའི་གན་རྒྱ་རྫུན་མ། སྤ་སེ་རྫུན་མ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ཁྱེར་ནས་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་པ་ཤེས་ཚེ། རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་རང་སར་དཔྱད་ཡིག་རྫུན་མ་འཕྲོག་རྒྱུ་དང་འབྲེལ་གཡོ་ལེན་གྱི་བྱེད་སྤྱོད་དེ་གནས་སའི་ཚན་པ་དང་། རྩ་འཛུགས་དང་མི་དོན་སྡེ་ཚན། སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་བཅས་ལ་བརྡ་ཁྱབ་གཏོང་རྒྱུ་དང་། གཏན་འཁེལ་གྱི་དུས་ཚོད་ནང་འབྲེལ་ཡོད་མ་དངུལ་ཚང་མ་ཕྱིར་སློག་རྒྱུའི་བརྡ་ཁྱབ་བཏང་སྟེ་གང་དེའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཐོ་བསྡམས་བཅད་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཡིད་རྟོན་ཤོར་མཁན་རིགས“མིང་ཐོ་ནག་པོའི”ནང་འཇུག་རྒྱུ། ལོ་གསུམ་ནང་ཚུན་དུ་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་གཡར་བ་སོགས་ཀྱི་ལས་སྒོ་གཉེར་མི་ཆོག་པ་དང་། འབྲེལ་ཡོད་ཆ་འཕྲིན་ཁྲིམས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ། གནས་ཚུལ་ཚབས་ཆེན་རིགས་ཁྲིམས་འཛིན་སྡེ་ཚན་ལ་གྱོད་གཞི་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱེད་པར་རྩིས་སྤྲོད་རྒྱུ་བཅས་ཡིན།
དཔྱད་གཞིའི་ཡིག་རིགས་རྫུན་མ་འདོན་སྤྲོད་ལ་གཞོགས་འདེགས་བྱེད་མཁན་ཚན་པའི་རིགས་ཡོད་ཕྱིན། རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སམ་ཡང་ན་དེའི་གཙོ་གཉེར་སྡེ་ཚན་ལ་ཐད་ཀའི་འགན་འཁྲི་འཁུར་མཁན་དང་འབྲེལ་ཡོད་འགོ་ཁྲིད་ཀྱི་འགན་འཁྲི་ཁྲིམས་ལྟར་བདའ་འདེད་ནན་པོ་གཏོང་རྒྱུའི་གོང་འབུལ་ཞུ་གི་ཡིན།
རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན།
སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་མཁན་རྒྱ་ཆེའི་ལས་བཟོར་དགོས་མེད་ཀྱི་དཔལ་འབྱོར་གྱོང་གུན་མི་ཕོག་པ་དང་བཅའ་ཁྲིམས་ལས་འགལ་བའི་གནས་ཚུལ་མི་ཐོན་པར་བྱ་ཆེད། རྒྱ་ཆེའི་ལས་བཟོས་སྟེས་དབང་སྟབས་ལེགས་ཀྱི་བསམ་པ་གཏན་ནས་བྱེད་མི་རུང་བའི་དྲན་སྐུལ་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཀྱང་མི་སྤྱི་དང་། སྤྱི་བདེ། དམངས་སྲིད་སོགས་སྡེ་ཚན་དང་ཞིབ་བཤེར་ལ་གཞོགས་འདེགས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས་ལས་བཟོའི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ཆ་འཕྲིན་དང་། གཉེན་སྒྲིག་གི་གནས་ཚུལ། དེ་བཞིན་ཐེམ་ཐོའི་ཆ་འཕྲིན་བཅས་ལ་དུས་ཐོག་ཏུ་ཞིབ་བཤེར་དང་། སྤྱི་བདེ་དང་དྲ་འཕྲིན་སོགས་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་སྒྲིག་འགལ་ངང་སྤྱི་གསོག་མ་དངུལ་ལེན་མཁན་བར་སྦྲེལ་ལས་ཁུངས་དང་རྩ་འཛུགས་གཞན་དག་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་མ་ཟད། དཔྱད་གཞིའི་ཡིག་རིགས་རྫུན་བཟོ་དང་བེད་སྤྱོད་བྱས་པའི་དོགས་གཞི་ཡོད་པའི་རྩ་འཛུགས་དང་མི་སྒེར་ཁྲིམས་འཛིན་སྡེ་ཚན་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པར་རྩིས་སྤྲོད་རྒྱུ་ཡིན།
འབྲེལ་ཡོད་གསལ་བསྒྲགས།
རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལ་ནན་པོར་གཞིགས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་གཉེར་རྒྱུ་དང་། བར་སྦྲེལ་ལས་ཁུངས་གང་རུང་ལ་ཚབ་གཉེར་གྱི་ཆོག་མཆན་སྤྲད་མེད་ལ་གྲོན་དངུལ་ཡང་བསྡུ་ཡི་མེད། སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་མཁན་རྒྱ་ཆེའི་ལས་བཟོས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་མ་གཉེར་གོང་། རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་སྤྱི་གསོག་དོ་དམ་ལྟེ་གནས་ཀྱི་ཞབས་ཞུའི་ཚོམས་ཆེན་དུ་བསྐྱོད་པའམ་ཡང་ན་བོད་རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་གཞུང་ཕྱོགས་དྲ་ཚིགས་དང་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་0891-6597042དང་6591156བརྒྱུད་ནས་བློ་འདྲི་བྱེད་ཆོག
གལ་ཏེ་སྤྱི་གསོག་མ་དངུལ་གཡོ་ལེན་བྱེད་པའི་སྒྲིག་འགལ་གྱི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། འཕྲལ་མར་བོད་རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ལ་ཐེར་འདོན་གནང་རོགས། ཐེར་འདོན་ཁ་པར་0891-6821222དང་6833946ཡིན།
རྩོམ་སྒྲིག་པའི་ཟིན་བྲིས།
སྡོད་ཁང་སྤྱི་གསོག་མ་དངུལ་གཡོ་ལེན་བྱེད་པ་ནི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་གཏོཌ་ཀྱི་ཡོད། བྱེད་སྤྱོད་དེས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དོ་དམ་སྒྲིག་ལམ་ཟང་ཟིང་དུ་བཏང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་འཁོར་རྒྱུག་བདེ་འཇགས་དང་ལས་བཟོ་མི་སྒེར་གྱི་སྡོད་ཁང་དངུལ་བུན་ལ་ཤུཌ་རྐྱེན་ཚབས་ཆེན་བཟོ་གི་ཡོད་ཅིང་། མཐར་གཏུགས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་ལ་གཏོར་བཤིག་བཏང་ནས་རྒྱ་ཆེའི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་མཁན་གྱི་ཁེ་ཕན་ལ་ཐད་ཀར་གནོད་འཚེ་གཏོང་གི་ཡོད།