《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月21日

འབྲུ་རིགས་དང་འབྲེལ་བ་ཡོད་པའི་ལས་ཐོག་ཉེས་གསོག་ལ་ཆད་པ་ནན་པོ་བཅད་ནས་མི་དམངས་ཀྱི“འབྲུ་མཛོད”ཡག་པོ་བསྲུངས་པ།

འདི་ག་ཚགས་པར་ཁང་དུ་གྲ་ནང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རྫོང་ཁྲིམས་ཁང་ལ་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་པའི་ཞུ་སྦྱོར་ཕྱི་མ་རྡོ་ཆེ་གེ་མོས་རྒྱུ་དངུལ་ལྐོག་ཏུ་བཟས་པ་དང་། ལྐོག་རྔན་བླངས་པ། འགན་འཁྲི་སྣང་མེད་དུ་བཏང་བ། གཞུང་ཁོངས་རྒྱུ་ནོར་ལྐོག་ཏུ་བགོས་པ་བཅས་ཀྱི་དོགས་གཞི་ཡོད་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཁྲིམས་ཁང་གིས་འདྲི་གཅོད་བྱས་པ་བརྒྱུད། མི་དམངས་ཁྲིམས་ཁང་གིས་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་ཚད་འབེབས་བྱ་རྒྱུའི་སྐོར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བསམ་འཆར་ཡོངས་སུ་དང་ལེན་བྱས་ཏེ། མི་དེར་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་བྱ་རྒྱུའི་ཁྲིམས་ཆད་གཅོད་རྒྱུ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་བདུན་ཅུ་དོན་གཅིག་གཅོད་རྒྱུའི་ཁྲིམས་ཐག་བཅད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོ་ནས་2023ལོའི་བར་རྡོ་ཆེ་གེ་མོས་ལྷོ་ཁ་གྲོང་ཁྱེར་རྒྱལ་ཁབ་འབྲུ་རིགས་གསོག་འཇོག་མཛོད་ཁང་གི་ཀྲུའུ་རེན་བྱེད་རིང་གོ་གནས་ཀྱི་སྟབས་བདེ་སྤྱད་དེ། འབྲུ་རིགས་བཙོངས་དངུལ་ཐོ་ཁོངས་སུ་མི་བསྒྱུར་བ་དང་འགྲོ་སོང་རྫུན་མ་རྩིས་ཞུ་བྱས་པ་སོགས་ཀྱི་བྱེད་སྤྱོད་ཐེངས་མང་སྤེལ་ནས་སྤྱི་པའི་རྒྱུ་ནོར་སྒོར་ཁྲི་461.7218ཁྲིམས་འགལ་ངང་སྒེར་བཟུང་བྱས་པ་དང་། ཁ་གཡར་ས་སྣ་ཚོགས་བཙལ་ནས་ལྐོག་རྔན་སྒོར་ཁྲི་199.8915བླངས་པ། རྒྱལ་ཁབ་ཀྱི་འབྲུ་རིགས་ཁ་གསབ་གཡོ་ལེན་བྱས་ནས“དངུལ་སྦས་ཁུང”བཙུགས་ཏེ་འཚོ་སྣོན་དངུལ་སྒྲིག་ཁྲིམས་ལས་འགལ་ནས་སྤྲད་པ། ལས་གནས་ཀྱི་འགན་འཁྲི་ཡག་པོ་མ་བསྒྲུབས་པའི་དབང་གིས་རྒྱལ་ཁབ་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་415.47884ཕོག་ཡོད།

གྱོད་གཞི་དེ་ལས་མངོན་པར། རྒྱལ་ཁབ་ཀྱི་འབྲུ་རིགས་གསོག་འཇོག་མཛོད་ཁང་གི“འགོ་འཛིན་ཨང་དང་པོ”དང“སྒོ་སྲུང་བ”ཡིན་པའི་རྡོ་ཆེ་གེ་མོར་ཆ་མཚོན་ན། དཔོན་གནས་ཆུང་ཡང་དབང་ཆ་ཆེ་བ་དང་། དབང་ཆ་གཅིག་སྡུད་བྱེད་དྲགས་པ། ནང་ཁུལ་གྱི་དོ་དམ་ལ“བརྒྱ་ཁ་གཅིག་གཅོད”བྱེད་པ། སྒྲིག་ཁྲིམས་དང་ཁྲིམས་དང་ཚབས་ཆེན་འགལ་བ། སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཉོ་སྒྲུབ་དང་། ཕྱིར་ཚོང་། བརྗེ་རེས། དེ་བཞིན་མ་དངུལ་དང་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་སོགས་ཀྱི་ལྷུ་ཚིགས་གཙོ་བོ་དང་འབྲེལ་བ་ཡོད་པ། བྱེད་སྤྱོད་སྤེལ་ལམ་སྣ་ཚོགས་པ། གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་འབོར་ཧ་ཅང་མང་བ། སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེ་བ་བཅས་ཡོད། གནས་ཚུལ་དེ་དག་ཐོག་ནས་མིག་སྔའི་འབྲུ་རིགས་ཁྱབ་ཁོངས་ལ་ལྟ་སྐུལ་དོ་དམ་མི་འདང་བ་དང་ལྐོག་ཟ་རུལ་སུངས་སོགས་ཀྱི་གནད་དོན་མངོན་གསལ་དོད་པ་ཡོད་པ་མཚོན་ཡོད།

གྱོད་གཞི་དེ་ཐོན་རྗེས་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ནན་ཏན་བྱས་མཐར། རྒྱུ་དངུལ་ལྐོག་ཏུ་བཟས་པ་དང་། ལྐོག་རྔན་བླངས་པ། འགན་འཁྲི་སྣང་མེད་དུ་བཏང་བ། གཞུང་ཁོངས་རྒྱུ་ནོར་ལྐོག་ཏུ་བགོས་པ་བཅས་ཀྱི་ནག་ཉེས་ཐོག་ནས་གཞུང་ཕྱོགས་ཀྱི་ཞུ་སྦྱོར་བྱས་པ་རེད། རུལ་སུངས་བྱ་ཐབས་ངོས་འཛིན་ནུས་ལྡན་བྱས་པ་དང་ཁྲིམས་ལྟར་ཉེས་གསོག་ལ་ཆད་པ་ནན་པོ་བཅད་པ་དང་ཆབས་ཅིག གྱོད་གཞི་ཞིབ་བཤེར་ཐག་གཅོད་དང་། གནད་དོན་ལ་དབྱེ་ཞིབ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བཅས་དུས་གཅིག་ཏུ་ཡོང་བའི་འགན་ལེན་བྱས་ཤིང་། གཞན་ཡང་ཞིབ་དཔྱོད་གྲོས་འགོ་འདོན་པའི་ཐབས་ལམ་བརྒྱུད་གྱོད་གཞི་དང་འབྲེལ་བ་ཡོད་པའི་ལས་ཁུངས་ལ་ནོར་དོན་ལྟ་སྐུལ་ལམ་སྲོལ་དང་། ཁེ་ལས་ཀྱི་ཐབས་ཇུས་གཏན་འབེབས་ལམ་སྲོལ། མི་དོན་དོ་དམ་ལམ་སྲོལ། སློབ་གསོ་གསོ་སྦྱོང་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐུལ་འདེད་ཀྱང་བཏང་ཡོད།

(སྤེན་ཚེ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)