(གཟའ་འཁོར་གོང་མར་མཐུད)
◆ དོན་ཚན་བརྒྱ་དང་ཞེ་གསུམ་པ། གཤམ་གསལ་ཆ་རྐྱེན་འཛོམས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན།
(གཅིག) བྱ་སྤྱོད་སྤེལ་མི་ལ་གང་ལ་གང་མཐུན་གྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཡོད་པ།
(གཉིས) འདོད་བློ་སྟོན་པ་བདེན་ཐུབ་ཡིན་པ།
(གསུམ) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དང་མི་འགལ་བ་དང་། སྤྱི་སྒྲིགས་སྲོལ་བཟང་དང་མི་འགལ་བ།
◆ དོན་ཚན་བརྒྱ་དང་ཞེ་བཞི་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་སྤེལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།
◆ དོན་ཚན་བརྒྱ་དང་ཞེ་ལྔ་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་མིས་སྤེལ་བའི་ཁེ་ཕན་འཐོབ་རྒྱུ་ཁོ་ནར་དམིགས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་ཡང་ན་དེའི་ལོ་ཚོད་དང་། རིག་སྟོབས། སེམས་ཁམས་བདེ་ཐང་བཅས་ཀྱི་གནས་ཚུལ་དང་འཚམ་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན་ཞིང་། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གཞན་དག་ནི་ཁྲིམས་བཀོད་ལས་ཚབ་པས་མོས་མཐུན་བྱས་པའམ་རྗེས་བྱུང་ཁས་ལེན་བྱས་རྗེས་ནུས་པ་ལྡན་པ་ཡིན།
བལྟོས་བཅས་མིས་ཁྲིམས་བཀོད་ལས་ཚབ་པར་བརྡ་སྦྱོར་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་ཚུན་དུ་རྗེས་བྱུང་ཁས་ལེན་བྱེད་དགོས་པའི་སྐུལ་བརྡ་བཏང་ཆོག ཁྲིམས་བཀོད་ལས་ཚབ་པས་འདོད་བློ་མ་བསྟན་པ་ཡིན་ན་རྗེས་བྱུང་ཁས་ལེན་ངོ་ཟློག་བྱས་པར་རྩི་དགོས། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་རྗེས་བྱུང་ཁས་ལེན་མ་བྱས་གོང་དུ། སེམས་བཟང་བལྟོས་བཅས་མིར་ཕྱིར་འཐེན་བྱེད་པའི་ཁེ་དབང་ཡོད། ཕྱིར་འཐེན་བྱ་རྒྱུ་དེ་བརྡ་སྦྱོར་གཏོང་བའི་རྣམ་པའི་ཐོག་ནས་སྒྲུབ་དགོས།
◆ དོན་ཚན་བརྒྱ་དང་ཞེ་དྲུག་པ། བྱ་སྤྱོད་སྤེལ་མི་དང་བལྟོས་བཅས་མིས་གཡོ་རྫུས་ཀྱི་འདོད་བློ་སྟོན་པའི་ཐོག་ནས་སྤེལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།
གཡོ་རྫུས་ཀྱི་འདོད་བློ་སྟོན་པའི་ཐོག་ནས་སྦ་གསང་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པ་ནི། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས།
◆ དོན་ཚན་བརྒྱ་དང་ཞེ་བདུན་པ། གོ་ནོར་ཆེན་པོ་ཐེབས་པའི་ཐོག་ནས་སྤེལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། བྱ་སྤྱོད་སྤེལ་མི་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།
◆ དོན་ཚན་བརྒྱ་དང་ཞེ་བརྒྱད་པ། ཕྱོགས་གཅིག་གིས་མགོ་སྐོར་གྱི་ཐབས་ལ་བརྟེན་ནས་ཕ་རོལ་པོ་ལ་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་སྤེལ་དུ་བཅུག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། མགོ་སྐོར་ཐེབས་ཡུལ་ཕྱོགས་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།
◆ དོན་ཚན་བརྒྱ་དང་ཞེ་དགུ་པ། ཕུང་གསུམ་པས་མགོ་སྐོར་གྱི་བྱ་སྤྱོད་སྤེལ་ནས་ཕྱོགས་གཅིག་ལ་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་སྤེལ་དུ་བཅུག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ལ། ཕ་རོལ་པོས་མགོ་སྐོར་གྱི་བྱ་སྤྱོད་དེ་ཤེས་པའམ་ཤེས་དགོས་པ་ཡིན་ན། མགོ་སྐོར་ཐེབས་ཡུལ་ཕྱོགས་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།
◆ དོན་ཚན་བརྒྱ་དང་ལྔ་བཅུ་པ། ཕྱོགས་གཅིག་གམ་ཕུང་གསུམ་པས་བཙན་སྐུལ་གྱི་ཐབས་ལ་བརྟེན་ནས་ཕ་རོལ་པོ་ལ་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་སྤེལ་དུ་བཅུག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། བཙན་སྐུལ་ཐེབས་ཡུལ་ཕྱོགས་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།
◆ དོན་ཚན་བརྒྱ་དང་ང་གཅིག་པ། ཕྱོགས་གཅིག་གིས་ཕ་རོལ་པོ་དཀའ་ཉེན་གྱི་གནས་སུ་གྱར་བ་དང་བརྡར་ཤ་གཅོད་ནུས་མེད་པ་སོགས་ཀྱི་གནས་ཚུལ་བེད་སྤྱོད་བྱས་ནས། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་འགྲུབ་དུས་དྲང་གཞག་ཤོར་དུ་བཅུག་པ་ཡིན་ན། གནོད་རྐྱེན་ཕོག་ཡུལ་ཕྱོགས་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།
◆ དོན་ཚན་བརྒྱ་དང་ང་གཉིས་པ། གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། ཕྱིར་འཐེན་བྱེད་དབང་མེད་པར་གྱུར་པ་ཡིན།
(གཅིག) དོ་བདག་གིས་ཕྱིར་འཐེན་གྱི་དོན་རྩ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་ལོ་གཅིག་གི་ནང་ཚུན་དང་། གོ་ནོར་ཆེན་པོ་ཐེབས་པའི་དོ་བདག་གིས་ཕྱིར་འཐེན་གྱི་དོན་རྩ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་ཉིན་དགུ་བཅུའི་ནང་ཚུན་དུ་ཕྱིར་འཐེན་དབང་ཆ་མ་སྤྱད་པ།
(གཉིས) དོ་བདག་ལ་བཙན་སྐུལ་ཐེབས་པ་དང་། བཙན་སྐུལ་བྱ་སྤྱོད་མཇུག་བསྒྲིལ་ཉིན་ནས་ལོ་གཅིག་གི་ནང་ཚུན་དུ་ཕྱིར་འཐེན་དབང་ཆ་མ་སྤྱད་པ།
(གསུམ) དོ་བདག་གིས་ཕྱིར་འཐེན་གྱི་དོན་རྩ་ཤེས་རྗེས་སུ་ཕྱིར་འཐེན་དབང་ཆ་སྤང་རྒྱུ་གསལ་པོར་བསྟན་པའམ་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་གསལ་སྟོན་བྱས་པ།
དོ་བདག་གིས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་བྱུང་ཉིན་ནས་ལོ་ལྔའི་ནང་ཚུན་དུ་ཕྱིར་འཐེན་བྱེད་དབང་མ་སྤྱད་པ་ཡིན་ན། ཕྱིར་འཐེན་བྱེད་དབང་མེད་པར་གྱུར་པ་ཡིན།
◆ དོན་ཚན་བརྒྱ་དང་ང་གསུམ་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དང་འགལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན། ཡིན་ན་ཡང་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དེས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ནུས་པ་མེད་པར་མི་བཟོ་བ་ཡིན་ན་འདིའི་ཁོངས་སུ་མི་ཚུད།
སྤྱི་སྒྲིགས་སྲོལ་བཟང་དང་འགལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།
◆ དོན་ཚན་བརྒྱ་དང་ང་བཞི་པ། བྱ་སྤྱོད་སྤེལ་མི་དང་བལྟོས་བཅས་མིས་སེམས་ངན་ལྐོག་འབྲེལ་བྱས་ནས་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་རྐྱེན་བཟོས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།
◆ དོན་ཚན་བརྒྱ་དང་ང་ལྔ་པ། ནུས་པ་མེད་པའམ་ཕྱིར་འཐེན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཐོག་མ་ཉིད་ནས་བཅའ་ཁྲིམས་ཀྱི་འཆིང་ནུས་མེད།
◆ དོན་ཚན་བརྒྱ་དང་ང་དྲུག་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ཆ་ཤས་ཤིག་ལ་ནུས་པ་མི་ལྡན་པ་དེས་ཆ་ཤས་གཞན་དག་ལ་ནུས་པ་ལྡན་པར་ཤུགས་རྐྱེན་མི་ཐེབས་པ་ཡིན་ན། ཆ་ཤས་གཞན་དག་ལ་སྔར་བཞིན་ནུས་པ་ལྡན་པ་ཡིན།
◆ དོན་ཚན་བརྒྱ་དང་ང་བདུན་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་དང་ཕྱིར་འཐེན་བྱས་པའམ་ནུས་པ་མི་འཐོན་པར་གཏན་ཁེལ་བྱས་རྗེས། བྱ་སྤྱོད་སྤེལ་མིར་བྱ་སྤྱོད་དེའི་དབང་གིས་ཐོབ་པའི་རྒྱུ་ནོར་ཕྱིར་སློག་བྱེད་དགོས། ཕྱིར་སློག་བྱེད་མི་ཐུབ་པའམ་ཕྱིར་སློག་བྱེད་པའི་དགོས་པ་མེད་པ་ཡིན་ན། རིན་གོང་བཅག་ནས་གུན་གསབ་བྱེད་དགོས། ནོར་འཁྲུལ་ཡོད་མཁན་ཕྱོགས་ཀྱིས་ཕ་རོལ་པོའི་ཕྱོགས་ལ་དེའི་རྐྱེན་གྱིས་བཟོས་པའི་གྱོང་གུན་ལ་སྐྱིན་གསབ་འཇལ་དགོས། ཕྱོགས་ཚང་མར་ནོར་འཁྲུལ་ཡོད་ན་རང་རང་སོ་སོས་གང་འོས་ཀྱི་འགན་འཁྲི་འཁུར་དགོས། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་བརྒྱ་དང་ང་བརྒྱད་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཆ་རྐྱེན་ཟུར་སྣོན་བྱས་ཆོག ཡིན་ནའང་དེའི་ངོ་བོ་ལྟར་ན་ཆ་རྐྱེན་ཟུར་སྣོན་བྱེད་མི་རུང་བ་འདིའི་ཁོངས་སུ་མི་ཚུད། ནུས་པ་ཐོན་པའི་ཆ་རྐྱེན་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། ཆ་རྐྱེན་གྲུབ་པའི་དུས་ནས་ནུས་པ་འཐོན་པ་ཡིན། གྲོལ་འཐེན་ཆ་རྐྱེན་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། ཆ་རྐྱེན་གྲུབ་པའི་དུས་ནས་ནུས་པ་ཤོར་བ་ཡིན།
◆ དོན་ཚན་བརྒྱ་དང་ང་དགུ་པ། ཆ་རྐྱེན་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དོ་བདག་གིས་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་ཚུལ་མིན་གྱི་སྒོ་ནས་ཆ་རྐྱེན་འགྲུབ་ཏུ་མ་བཅུག་པ་ཡིན་ན། ཆ་རྐྱེན་གྲུབ་པར་རྩི་དགོས། ཚུལ་མིན་གྱི་སྒོ་ནས་ཆ་རྐྱེན་འགྲུབ་ཏུ་བཅུག་པ་ཡིན་ན། ཆ་རྐྱེན་མ་གྲུབ་པར་རྩི་དགོས།
◆ དོན་ཚན་བརྒྱ་དང་དྲུག་ཅུ་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དུས་བཀག་ཟུར་སྣོན་བྱས་ཆོག ཡིན་ན་ཡང་དེའི་ངོ་བོ་ལྟར་ན་དུས་བཀག་ཟུར་སྣོན་བྱེད་མི་རུང་བ་འདིའི་ཁོངས་སུ་མི་ཚུད། ནུས་པ་ཐོན་པའི་དུས་བཀག་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། དུས་བཀག་དུས་ལ་བབས་པ་ནས་ནུས་པ་འཐོན་པ་ཡིན། མཇུག་སྒྲིལ་བའི་དུས་བཀག་ཟུར་སྣོན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན། དུས་བཀག་ལོངས་པའི་དུས་ནས་ནུས་པ་ཤོར་བ་ཡིན།
ལེའུ་བདུན་པ།
ལས་ཚབ།
◆ དོན་ཚན་བརྒྱ་དང་རེ་གཅིག་པ། དམངས་དོན་བྱེད་པོས་ལས་ཚབ་པ་བརྒྱུད་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་ཆོག བཅའ་ཁྲིམས་ཀྱི་གཏན་འབེབས་དང་། དོ་བདག་བར་བཞག་པའི་གྲོས་དན་ནམ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ངོ་བོ་ལྟར་ན། དོ་བདག་རང་ཉིད་ཀྱིས་དངོས་སུ་སྤེལ་དགོས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཡིན་ན་ལས་ཚབ་བྱས་མི་ཆོག
◆ དོན་ཚན་བརྒྱ་དང་རེ་གཉིས་པ། ལས་ཚབ་པས་ལས་ཚབ་ཀྱི་དབང་མཚམས་ནང་ཁོངས་སུ་ལས་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བ་ཡིན་ན། ལས་ཚབ་བྱ་ཡུལ་གྱི་མི་ལ་ནུས་པ་འཐོན་པ་ཡིན།
◆ དོན་ཚན་བརྒྱ་དང་རེ་གསུམ་པ། ལས་ཚབ་ལ་མངག་བཅོལ་ལས་ཚབ་དང་ཁྲིམས་བཀོད་ལས་ཚབ་གཉིས་ཡོད། མངག་བཅོལ་ལས་ཚབ་པས་ལས་ཚབ་བྱ་ཡུལ་གྱི་མིའི་མངག་བཅོལ་ལྟར་ལས་ཚབ་དབང་ཆ་སྤྱོད་དགོས། ཁྲིམས་བཀོད་ལས་ཚབ་པས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ལས་ཚབ་དབང་ཆ་སྤྱོད་དགོས།
◆ དོན་ཚན་བརྒྱ་དང་རེ་བཞི་པ། ལས་ཚབ་པས་ལས་ཚབ་འགན་འཁྲི་མ་ཁུར་པའམ་ལས་ཚབ་འགན་འཁྲི་ཆ་ཚང་མ་ཁུར་པའི་རྐྱེན་གྱིས་ལས་ཚབ་བྱ་ཡུལ་གྱི་མི་ལ་གནོད་རྐྱེན་བཟོས་པ་ཡིན་ན། དམངས་དོན་འགན་འཁྲི་འཁུར་དགོས། ལས་ཚབ་པ་དང་བལྟོས་བཅས་མིའི་བར་སེམས་ངན་ལྐོག་འབྲེལ་བྱས་ནས་ལས་ཚབ་བྱ་ཡུལ་གྱི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་རྐྱེན་བཟོས་པ་ཡིན་ན། ལས་ཚབ་པ་དང་བལྟོས་བཅས་མིས་ཞོར་འདྲུད་འགན་འཁྲི་འཁུར་དགོས།
◆ དོན་ཚན་བརྒྱ་དང་རེ་ལྔ་པ། ཡིག་ཐོག་ནས་མངག་བཅོལ་ལས་ཚབ་ཀྱི་དབང་སྐུར་བའི་ཚེ། དབང་བསྐུར་མངག་བཅོལ་ཡི་གེའི་ནང་དུ་ལས་ཚབ་པའི་རུས་མིང་ངམ་མིང་དང་། ལས་ཚབ་དོན་ཚན། དབང་མཚམས། དུས་བཀག་བཅས་གསལ་པོར་འགོད་དགོས་པར་མ་ཟད། ད་དུང་ལས་ཚབ་བྱ་ཡུལ་གྱི་མིས་མིང་འགོད་པའམ་ཐེལ་ཙེ་རྒྱག་དགོས།
◆ དོན་ཚན་བརྒྱ་དང་རེ་དྲུག་པ། ལས་ཚབ་དོན་ཚན་གཅིག་ལ་ལས་ཚབ་པ་དུ་མ་ཡོད་ན། ཐུན་མོང་ཐོག་ལས་ཚབ་དབང་ཆ་སྤྱོད་དགོས། ཡིན་ན་ཡང་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད།
◆ དོན་ཚན་བརྒྱ་དང་རེ་བདུན་པ། ལས་ཚབ་པས་ལས་ཚབ་དོན་ཚན་དེ་ཁྲིམས་འགལ་ཡིན་ཚུལ་ཤེས་པའམ་ཤེས་དགོས་བཞིན་དུ་ལས་ཚབ་བྱ་སྤྱོད་སྤེལ་བ་དང་། ཡང་ན་ལས་ཚབ་བྱ་ཡུལ་གྱི་མིས་ལས་ཚབ་པའི་ལས་ཚབ་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་ཚུལ་ཤེས་པའམ་ཤེས་དགོས་ཀྱང་ངོ་རྒོལ་གྱི་འདོད་བློ་མ་བསྟན་ན། ལས་ཚབ་བྱ་ཡུལ་གྱི་མི་དང་ལས་ཚབ་པ་གཉིས་ཀས་ཞོར་འདྲུད་འགན་འཁྲི་འཁུར་དགོས།
◆ དོན་ཚན་བརྒྱ་དང་རེ་བརྒྱད་པ། ལས་ཚབ་པས་ལས་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་རང་ཉིད་དང་ལྷན་དུ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་མི་ཆོག ཡིན་ན་ཡང་ལས་ཚབ་བྱ་ཡུལ་གྱི་མིས་མོས་མཐུན་བྱས་པའམ་རྗེས་བྱུང་ཁས་ལེན་བྱས་པ་འདིའི་ཁོངས་སུ་མི་ཚུད།
ལས་ཚབ་པས་ལས་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་རང་ཉིད་དང་དུས་གཅིག་ཏུ་ལས་ཚབ་བྱེད་པའི་མི་གཞན་དག་དང་ལྷན་དུ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་མི་ཆོག ཡིན་ན་ཡང་ལས་ཚབ་བྱ་ཡུལ་ཕྱོགས་གཉིས་ཀས་མོས་མཐུན་བྱས་པའམ་རྗེས་བྱུང་ཁས་ལེན་བྱས་པ་འདིའི་ཁོངས་སུ་མི་ཚུད།
◆ དོན་ཚན་བརྒྱ་དང་རེ་དགུ་པ། ལས་ཚབ་པས་ཕུང་གསུམ་པར་ལས་ཚབ་མངག་བཅོལ་སྐོར་སྒྱུར་བྱེད་དགོས་བྱུང་ན། ལས་ཚབ་བྱ་ཡུལ་གྱི་མིའི་མོས་མཐུན་ནམ་རྗེས་བྱུང་ཁས་ལེན་འཐོབ་ཡོད། (མུ་མཐུད་འགོད་རྒྱུ)