ང་རང་མཚན་མོར་དགའ་དོན།
མཚན་མོ་ནི་ལྷིང་འཇགས་ཡིན་པས་མ་ཡིན།
ང་རང་མཚན་མོར་དགའ་བ་ནི།
མཚན་མོའི་དཔེ་ཀློག་ལ་དགའ་བས་ཡིན།
ང་རང་མཚན་མོའི་སྒེའུ་ཁུང་ལ་དགའ།
དོན་དངོས་སུ་སྒེའུ་ཁུང་ཕྱིའི་ཆར་པར་དགའ།
ཆར་པའི་ཤག་ཤག་གི་ཆིག་ལབ་ཁྲོད་ནས།
ངས་སྙན་ངག་ཁ་ཤས་སེམས་གཏམ་དང་འདྲ་བར་ལྷུག་པོར་བརྗོད་ཆོག་པས་ཡིན།
ང་རང་མཚན་མོའི་བསིལ་རླུང་ལ་དགའ།
རླུང་བུར་དགའ་དོན་ཞིག་གཏན་ནས་མེད་ཀྱང་།
རླུང་བུས་དལ་བུར་གཡོ་བའི་སྐྲ་ལོར་དགའ།
རླུང་བུ་དལ་བུར་ལྡང་དུས།
ངས་སྐྲ་ལོ་གཞན་ཞིག་གི་མཛེས་པ་བྲིས་ཆོག་པས་ཡིན།
ང་རང་མཚན་མོའི་ཟླ་བར་དགའ།
ཟླ་བར་དགའ་དོན་ཞིག་གཏན་ནས་མེད་ཀྱང་།
རྣ་བར་འཇགས་པའི་ཟླ་བ་སྒྲོལ་མར་དགའ།
ཟླ་འོད་ཀྱིས་སྤྲིན་ཕུང་གཏོར་རྗེས་ངས་ཡང་བསྐྱར་ཟླ་བ་སྒྲོལ་མ་དྲན་ཆོག
ང་རང་མཚན་མོའི་སྐར་མར་དགའ།
མ་གཞི་སྐར་མ་དང་བར་ཐག་རིང་བས་དགའ་དོན་ཞིག་གཏན་ནས་མེད་ཀྱང་།
སྐར་མ་ལ་མཐུད་པའི་གཏམ་རྒྱུད་ནི་ཨ་མའི་གཏམ་རྒྱུད་ཡིན་པས།
ངས་སྐར་མར་ཅེར་ནས་བརྗོད་འདོད་པའི་སྐད་ཆ་མང་པོ་ཨ་མར་བརྗོད་ཆོག་པས་ཡིན།