《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月14日

༄༅། །དཔྱིད་ཀ་དང་སྙན་ངག

མེ་ཆར།

སྦྲང་ཆར་གྱི་དངོས་གྲུབ་འཇོ་དུས། །

རེ་བ་ཡི་མྱུག་གསར་འབུས་ཏེ། །

རབ་མཛེས་ཀྱི་གཡུ་ཡི་འདབ་མ། །

དབྱིག་འཛིན་མའི་ལུས་ལ་བསྐོན་འདུག །

སྤྲིན་པ་ཞིག་དལ་གྱིས་རྒྱུ་བྱུང་། །

ཉི་ཐིག་གི་དྲོད་ལ་རེ་བའི། །

ཡིད་འོང་གི་ཀུ་མུད་གཞོན་ནུ། །

འདབ་སྟོང་གི་ཞལ་ཁ་ཕྱེ་རན། །

ཚང་ཚིང་གི་ལྗོན་པར་གནས་པའི། །

སྙན་འགྱུར་གྱི་ཁུ་བྱུག་སྔོན་མོ། །

དཔྱིད་དཔལ་གྱི་འཛུམ་དང་འགྲོགས་ཏེ། །

དུས་ཚིགས་ཀྱི་མགྲོན་དུ་ཕེབས་འདུག །

དཔྱིད་རླུང་ལ་ཁ་དོག་མེད་ཀྱང་། །

ནང་སེམས་སུ་ཚོན་མདོག་སྤྲས་སོང་། །

རླུང་བུ་ཡི་གླུ་སྒྲ་རེ་རེ། །

དུས་ཚིགས་ཀྱི་གསོས་སུ་སྨིན་སོང་། །

ལྷོད་འཇམ་གྱི་བསིལ་རླུང་ལྡང་དུས། །

ལྷ་ཤིང་གི་ཤུག་དྲི་འཐུལ་ཞིང་། །

ཁུ་བྱུག་གིས་གྲེ་འགྱུར་ངོམ་དུས། །

དཔྱིད་དཔལ་གྱི་མཛའ་མོ་དྲན་བྱུང་། །

དྭངས་གསལ་གྱི་ཆུ་ཕྲན་ཤང་ཤང་། །

དལ་འཇམ་གྱིས་ལྷོད་དུ་བཞུར་ན། །

ཚོར་བ་ཡིས་ཚོར་བ་བརླན་པས། །

སྙན་ཚིག་གི་མེ་ཏོག་འཁྲུངས་སོང་། །

ལྗང་མདོག་གི་དཔྱིད་ཀྱི་དཔལ་ཡོན། །

ན་གཞོན་གྱི་ལང་ཚོ་སྨིན་འདྲ། །

དྲན་ངོས་ཀྱི་སྣང་བའི་འཇའ་ཚོན། །

གསང་ཚིག་གི་རི་མོར་ཕབ་ཡོད། །