ལེའུ་ལྔ་པ། དམངས་དོན་ཁེ་དབང་།
◆ དོན་ཚན་བརྒྱ་དང་དགུ་པ། རང་བྱུང་མིའི་མི་ལུས་རང་དབང་དང་མི་གཞི་དང་ལ་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།
◆ དོན་ཚན་བརྒྱ་དང་བཅུ་པ། རང་བྱུང་མིར་ཚེ་སྲོག་གི་ཁེ་དབང་དང་། ལུས་ཕུང་གི་ཁེ་དབང་། བདེ་ཐང་གི་ཁེ་དབང་། རུས་མིང་གི་ཁེ་དབང་། འདྲ་བརྙན་གྱི་ཁེ་དབང་། མིང་གྲགས་ཀྱི་ཁེ་དབང་། མཚན་སྙན་གྱི་ཁེ་དབང་། སྒེར་གསང་གི་ཁེ་དབང་། གཉེན་སྒྲིག་རང་མོས་ཀྱི་ཁེ་དབང་སོགས་ཁེ་དབང་སྤྱོད་རྒྱུ་ཡོད།
ཁྲིམས་མི་དང་ཁྲིམས་མི་མིན་པའི་རྩ་འཛུགས་ལ་མིང་གི་ཁེ་དབང་དང་། མིང་གྲགས་ཀྱི་ཁེ་དབང་། མཚན་སྙན་གྱི་ཁེ་དབང་སོགས་ཁེ་དབང་སྤྱོད་རྒྱུ་ཡོད།
◆ དོན་ཚན་བརྒྱ་དང་བཅུ་གཅིག་པ། རང་བྱུང་མིའི་མི་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བར་མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་རག་དགོས་ན། ཁྲིམས་ལྟར་རག་དགོས་པ་དང་སྦྲགས་ཆ་འཕྲིན་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ་ལས། ཁྲིམས་འགལ་གྱིས་མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་། བེད་སྤྱོད། ལས་སྣོན། བརྒྱུད་གཏོང་བཅས་བྱས་མི་ཆོག་པ་དང་། ཁྲིམས་འགལ་གྱིས་མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་ཉོ་འཚོང་དང་། འདོན་སྤྲོད་དམ་ཕྱིར་བསྒྲགས་བྱས་མི་ཆོག
◆ དོན་ཚན་བརྒྱ་དང་བཅུ་གཉིས་པ། རང་བྱུང་མིའི་གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་སོགས་ལས་བྱུང་བའི་མི་ལུས་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།
◆ དོན་ཚན་བརྒྱ་དང་བཅུ་གསུམ་པ། དམངས་དོན་བྱེད་པོའི་རྒྱུ་ནོར་གྱི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་ངང་སྲུང་སྐྱོབ་བྱེད་པ་ཡིན།
◆ དོན་ཚན་བརྒྱ་དང་བཅུ་བཞི་པ། དམངས་དོན་བྱེད་པོར་ཁྲིམས་ལྟར་དངོས་དབང་སྤྱོད་རྒྱུ་ཡོད། དངོས་དབང་ནི་དངོས་པོ་ངེས་ཅན་ཞིག་ལ་ཁེ་དབང་བདག་པོར་ཁྲིམས་ལྟར་སྤྱོད་རྒྱུ་ཡོད་པའི་ཐད་ཀར་བཀོལ་སྤྱོད་དང་གཞན་ཕུད་ཀྱི་ཁེ་དབང་ཡིན་ཞིང་། དེར་བདག་དབང་དང་། བཀོལ་ཁེ་དངོས་དབང་། འགན་ལེན་དངོས་དབང་བཅས་ཡོད།
◆ དོན་ཚན་བརྒྱ་དང་བཅོ་ལྔ་པ། དངོས་པོ་ལ་བརྟན་ནོར་དང་འགུལ་ནོར་གཉིས་ཡོད། བཅའ་ཁྲིམས་ཀྱིས་ཁེ་དབང་ནི་དངོས་དབང་གི་བྱ་བའི་ཡུལ་དུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་བརྒྱ་དང་བཅུ་དྲུག་པ། དངོས་དབང་གི་རིགས་སྣ་དང་ནང་དོན་ནི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱེད་དགོས།
◆ དོན་ཚན་བརྒྱ་དང་བཅུ་བདུན་པ། སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དབང་མཚམས་དང་ལས་རིམ་ལྟར་བརྟན་ནོར་རམ་འགུལ་ནོར་གཞུང་བསྡུ་དང་གཞུང་སྤྱོད་བྱེད་ཚེ། དྲང་སྙོམས་དང་ལུགས་མཐུན་གྱི་གུན་གསབ་སྤྲོད་དགོས།
◆ དོན་ཚན་བརྒྱ་དང་བཅོ་བརྒྱད་པ། དམངས་དོན་བྱེད་པོར་ཁྲིམས་ལྟར་བུན་དབང་སྤྱོད་རྒྱུ་ཡོད།
བུན་དབང་ནི་གན་རྒྱ་དང་། དབང་གནོད་བྱ་སྤྱོད། རྐྱེན་མེད་དོ་དམ། ཚུལ་མིན་ཁེ་ཐོབ་བཅས་དང་དེ་བཞིན་བཅའ་ཁྲིམས་ཀྱི་གཏན་འབེབས་གཞན་དག་གི་རྐྱེན་གྱིས། ཁེ་དབང་བདག་པོས་འོས་འགན་འཁུར་མི་ངེས་ཅན་ཞིག་གིས་བྱ་བ་ངེས་ཅན་ཞིག་སྒྲུབ་པའམ་མི་སྒྲུབ་པའི་རེ་འདུན་ཞུ་བའི་ཁེ་དབང་ཡིན།
◆ དོན་ཚན་བརྒྱ་དང་བཅུ་དགུ་པ། ཁྲིམས་ལྟར་བཞག་པའི་གན་རྒྱ་ཡིན་ན། དོ་བདག་ལ་བཅའ་ཁྲིམས་ཀྱི་འཆིང་ནུས་ལྡན་པ་ཡིན།
◆ དོན་ཚན་བརྒྱ་དང་ཉི་ཤུ་པ། དམངས་དོན་ཁེ་དབང་ལ་གནོད་འཚེ་ཕོག་ན། གནོད་འཚེ་ཕོག་མི་ལ་གནོད་འཚེ་གཏོང་མིས་དབང་གནོད་འགན་འཁྲི་འཁུར་དགོས་པའི་རེ་འདུན་འདོན་དབང་ཡོད།
◆ དོན་ཚན་བརྒྱ་དང་ཉེར་གཅིག་པ། ཁྲིམས་བཀོད་དམ་ཆིངས་བཀོད་ཀྱི་འོས་འགན་མེད་ཚེ། མི་གཞན་གྱི་ཁེ་ཕན་ལ་གྱོང་གུན་མི་བཟོ་བའི་ཆེད་དུ་དོ་དམ་བྱེད་པའི་མི་ཡིན་ན། རང་ཉིད་ཀྱིས་དེའི་དོན་དུ་བཏང་བའི་ཉེར་མཁོའི་འགྲོ་གྲོན་ལ་ཁེ་ཕན་ཐོབ་མིས་སྐྱིན་ཚབ་སྤྲོད་དགོས་པའི་རེ་འདུན་འདོན་དབང་ཡོད།
◆ དོན་ཚན་བརྒྱ་དང་ཉེར་གཉིས་པ། མི་གཞན་གྱིས་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པར་ཚུལ་མིན་གྱི་ཁེ་ཕན་འཐོབ་པར་བྱས་ན། གྱོང་གུན་ཕོག་མི་ལ་དེས་ཚུལ་མིན་གྱི་ཁེ་ཐོབ་ཕྱིར་སློག་བྱེད་དགོས་པའི་རེ་འདུན་འདོན་དབང་ཡོད།
◆ དོན་ཚན་བརྒྱ་དང་ཉེར་གསུམ་པ། དམངས་དོན་བྱེད་པོར་ཁྲིམས་ལྟར་ཤེས་བྱའི་ཐོན་དབང་སྤྱོད་རྒྱུ་ཡོད།
ཤེས་བྱའི་ཐོན་དབང་ནི་ཁེ་དབང་བདག་པོས་ཁྲིམས་ལྟར་གཤམ་གསལ་གྱི་བྱ་བའི་ཡུལ་དག་ལ་ཆེད་
དུ་སྤྱོད་རྒྱུ་ཡོད་པའི་ཁེ་དབང་ཡིན། (གཅིག) བརྩམས་ཆོས། (གཉིས) གསར་གཏོད་དང་། དངོས་སྤྱོད་དཔེ་གསར། ཕྱི་དབྱིབས་ཇུས་འགོད། (གསུམ) ཚོང་རྟགས། (བཞི) ས་ཁམས་མཚོན་རྟགས། (ལྔ) ཚོང་ལས་ཀྱི་གསང་བ། (དྲུག) འདུས་གྲུབ་གློག་ལམ་དཔེ་རིས་ཇུས་འགོད། (བདུན) རྩི་ཤིང་རིགས་གསར་པ། (བརྒྱད) ཁྲིམས་བཀོད་ཀྱི་བྱ་བའི་ཡུལ་གཞན་དག
◆ དོན་ཚན་བརྒྱ་དང་ཉེར་བཞི་པ། རང་བྱུང་མིར་ཁྲིམས་ལྟར་ཤུལ་འཛིན་ཁེ་དབང་སྤྱོད་རྒྱུ་ཡོད། རང་བྱུང་མིའི་ཁྲིམས་མཐུན་གྱི་སྒེར་དབང་རྒྱུ་ནོར་ནི་ཁྲིམས་ལྟར་ཤུལ་འཛིན་བྱས་ཆོག
◆ དོན་ཚན་བརྒྱ་དང་ཉེར་ལྔ་པ། དམངས་དོན་བྱེད་པོར་ཁྲིམས་ལྟར་རྐང་དབང་དང་མ་འཇོག་རང་བཞིན་གྱི་ཁེ་དབང་གཞན་དག་སྤྱོད་རྒྱུ་ཡོད།
◆ དོན་ཚན་བརྒྱ་དང་ཉེར་དྲུག་པ། དམངས་དོན་བྱེད་པོར་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དམངས་དོན་ཁེ་དབང་དང་ཁེ་ཕན་གཞན་དག་སྤྱོད་རྒྱུ་ཡོད།
◆ དོན་ཚན་བརྒྱ་དང་ཉེར་བདུན་པ། གཞི་གྲངས་དང་དྲ་ཐོག་གི་རྟོག་བཟོའི་རྒྱུ་ནོར་སྲུང་སྐྱོབ་བྱེད་པར་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་བརྒྱ་དང་ཉེར་བརྒྱད་པ། ནར་མ་སོན་པའི་མི་དང་། བགྲེས་སོང་། དབང་པོ་སྐྱོན་ཅན། བུད་མེད། འཛད་སྤྱོད་པ་སོགས་ཀྱི་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་པར་བཅའ་ཁྲིམས་ཀྱིས་དམིགས་བསལ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་བརྒྱ་དང་ཉེར་དགུ་པ། དམངས་དོན་ཁེ་དབང་ནི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་། མངོན་སུམ་བྱ་སྤྱོད། ཁྲིམས་བཀོད་དོན་རྐྱེན་ནམ་ཁྲིམས་བཀོད་བྱེད་ཐབས་གཞན་དག་བཅས་ཀྱི་ཐོག་ནས་འཐོབ་ཆོག་པ་ཡིན།
◆ དོན་ཚན་བརྒྱ་དང་སུམ་ཅུ་པ། དམངས་དོན་བྱེད་པོས་རང་ཉིད་ཀྱི་འདོད་མོས་བཞིན་ཁྲིམས་ལྟར་དམངས་དོན་ཁེ་དབང་སྤྱོད་པར་ཐེ་ཇུས་བྱས་མི་འཐུས།
◆ དོན་ཚན་བརྒྱ་དང་སོ་གཅིག་པ། དམངས་དོན་བྱེད་པོས་ཁེ་དབང་སྤྱོད་དུས། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་དང་དོ་བདག་བར་གྲོས་དན་བཞག་པའི་འོས་འགན་སྒྲུབ་དགོས།
◆ དོན་ཚན་བརྒྱ་དང་སོ་གཉིས་པ། དམངས་དོན་བྱེད་པོས་དམངས་དོན་ཁེ་དབང་གང་བྱུང་དུ་སྤྱད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ནམ་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་རྐྱེན་བཟོས་མི་ཆོག
ལེའུ་དྲུག་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད།
◆ དོན་ཚན་བརྒྱ་དང་སོ་གསུམ་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་དམངས་དོན་བྱེད་པོས་འདོད་བློ་སྟོན་པའི་ཐོག་དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པ་དང་། སྒྱུར་བ། མཇུག་སྒྲིལ་བ་བཅས་ཀྱི་བྱ་སྤྱོད་ཡིན།
◆ དོན་ཚན་བརྒྱ་དང་སོ་བཞི་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ཕྱོགས་གཉིས་པོའམ་ཕྱོགས་མང་པོའི་འདོད་བློ་སྟོན་པའི་ཐོག་ནས་གཅིག་མཐུན་དུ་གྲུབ་ཆོག་ལ། ཕྱོགས་གཅིག་རྐྱང་གི་འདོད་བློ་སྟོན་པའི་ཐོག་ནས་གྲུབ་ཀྱང་ཆོག
ཁྲིམས་མི་དང་ཁྲིམས་མི་མིན་པའི་རྩ་འཛུགས་ཀྱིས་བཅའ་ཁྲིམས་སམ་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་གྲོས་བསྡུར་བྱེད་ཐབས་དང་བརྡས་ཐག་གཅོད་རིམ་ལྟར་གྲོས་ཆོད་བཞག་པ་ཡིན་ན། གྲོས་ཆོད་འཇོག་པའི་བྱ་སྤྱོད་དེ་གྲུབ་པ་ཡིན།
◆ དོན་ཚན་བརྒྱ་དང་སོ་ལྔ་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཡིག་ཐོག་གམ་ངག་ཐོག་གི་རྣམ་པའམ་རྣམ་པ་གཞན་དག་སྤྱད་ཆོག དམིགས་བསལ་གྱི་རྣམ་པ་སྤྱོད་རྒྱུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་ཡོད་པའམ་དོ་བདག་བར་དུ་གྲོས་དན་བཞག་ཡོད་ན། དམིགས་བསལ་གྱི་རྣམ་པ་སྤྱོད་དགོས།
◆ དོན་ཚན་བརྒྱ་དང་སོ་དྲུག་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་གྲུབ་པའི་དུས་སུ་ནུས་པ་ཐོན་པ་ཡིན། ཡིན་ན་ཡང་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པའམ་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད།
བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་མ་བཟུང་བའམ་ཕ་རོལ་པོ་མོས་མཐུན་མ་བྱུང་བ་ཡིན་ན། བྱ་སྤྱོད་སྤེལ་མིས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་རང་དགར་བསྒྱུར་བཅོས་བྱས་མི་ཆོག་པའམ་གྲོལ་འཐེན་བྱས་མི་ཆོག
◆ དོན་ཚན་བརྒྱ་དང་སོ་བདུན་པ། གླེང་མོལ་གྱི་རྣམ་པའི་ཐོག་ནས་འདོད་བློ་སྟོན་པ་ཡིན་ན། བལྟོས་བཅས་མིས་དེ་དོན་ཤེས་པའི་དུས་སུ་ནུས་པ་ཐོན་པ་ཡིན།
གླེང་མོལ་གྱི་རྣམ་པ་མིན་པའི་ཐོག་ནས་འདོད་བློ་སྟོན་པ་ཡིན་ན། བལྟོས་བཅས་མི་ལ་དེ་འབྱོར་བའི་དུས་སུ་ནུས་པ་ཐོན་པ་ཡིན། གླེང་མོལ་གྱི་རྣམ་པ་མིན་ཞིང་གཞི་གྲངས་གློག་ཡིག་གི་རྣམ་པ་སྤྱད་དེ་འདོད་བློ་སྟོན་པ་ནི། བལྟོས་བཅས་མིས་ཆེད་དམིགས་མ་ལག་དམིགས་འཛུགས་བྱས་ནས་གཞི་གྲངས་གློག་ཡིག་དེ་བསྡུ་ལེན་བྱེད་པ་ཡིན་ན། གཞི་གྲངས་གློག་ཡིག་དེ་ཆེད་དམིགས་མ་ལག་དེར་བཅུག་པའི་དུས་སུ་ནུས་པ་ཐོན་པ་ཡིན། ཆེད་དམིགས་མ་ལག་དམིགས་འཛུགས་བྱས་མེད་ན། བལྟོས་བཅས་མིས་གཞི་གྲངས་གློག་ཡིག་དེ་ཁོའི་མ་ལག་ཏུ་བཅུག་པ་ཤེས་པའམ་ཤེས་དགོས་པའི་དུས་སུ་ནུས་པ་ཐོན་པ་ཡིན། གཞི་གྲངས་གློག་ཡིག་ཐོག་ནས་འདོད་བློ་སྟོན་པར་ནུས་པ་འཐོན་པའི་དུས་ཚོད་ཐད་ལ་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་ན། གྲོས་དན་དེ་གཞིར་འཛིན་དགོས།
◆ དོན་ཚན་བརྒྱ་དང་སོ་བརྒྱད་པ། བལྟོས་བཅས་མི་མེད་པའི་འདོད་བློ་སྟོན་པ་ཡིན་ན། བསྟན་ཚར་དུས་སུ་ནུས་པ་འཐོན་པ་ཡིན། བཅའ་ཁྲིམས་ནང་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་བརྒྱ་དང་སོ་དགུ་པ། སྤྱི་བསྒྲགས་ཀྱི་རྣམ་པའི་ཐོག་ནས་འདོད་བློ་སྟོན་པ་ནི། སྤྱི་བསྒྲགས་སྤེལ་བའི་དུས་སུ་ནུས་པ་འཐོན་པ་ཡིན།
◆ དོན་ཚན་བརྒྱ་དང་བཞི་བཅུ་པ། བྱ་སྤྱོད་སྤེལ་མིས་གསལ་བརྡའམ་ཤུགས་བརྡའི་ཐོག་ནས་འདོད་བློ་བསྟན་ཆོག ཁ་རོག་སྡོད་པ་དེ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་དང་དོ་བདག་བར་གྲོས་དན་བཞག་པའམ་དོ་བདག་བར་གྱི་ཉོ་འཚོང་གོམས་སྲོལ་དང་མཐུན་པའི་དུས་སུ། ད་གཟོད་འདོད་བློ་སྟོན་པར་བརྩིས་ཆོག
◆ དོན་ཆན་བརྒྱ་དང་ཞེ་གཅིག་པ། བྱ་སྤྱོད་སྤེལ་མིས་འདོད་བློ་སྟོན་པ་ཕྱིར་འཐེན་བྱས་ཆོག འདོད་བློ་སྟོན་པ་ཕྱིར་འཐེན་བྱས་པའི་བརྡ་སྦྱོར་ནི། འདོད་བློ་སྟོན་པ་བལྟོས་བཅས་མི་ལ་མ་འབྱོར་གོང་ངམ་འདོད་བློ་སྟོན་པ་དང་དུས་གཅིག་ཏུ་བལྟོས་བཅས་མི་ལ་འབྱོར་དགོས།
◆ དོན་ཚན་བརྒྱ་དང་ཞེ་གཉིས་པ། བལྟོས་བཅས་མིའི་འདོད་བློ་སྟོན་པར་འགྲེལ་བཤད་ཡོད་ཚེ། བེད་སྤྱོད་བྱས་པའི་ཚིག་སྦྱོར་གཞིར་བཞག་འབྲེལ་ཡོད་ཀྱི་དོན་ཚན་དང་། བྱ་སྤྱོད་ཀྱི་ངོ་བོ་དང་དམིགས་ཡུལ། གོམས་སྲོལ་བཅས་དང་དེ་བཞིན་ཁ་དན་ཚིག་གནས་ཀྱི་རྩ་དོན་དང་ཟུང་འབྲེལ་བྱས་ནས་འདོད་བློ་སྟོན་པའི་གོ་
དོན་གཏན་འཁེལ་བྱེད་དགོས།
བལྟོས་བཅས་མིའི་འདོད་བློ་སྟོན་པར་འགྲེལ་བཤད་མེད་ཚེ། བེད་སྤྱོད་བྱས་པའི་ཚིག་སྦྱོར་ཁོ་ནར་མི་ལྟ་བར། འབྲེལ་ཡོད་ཀྱི་དོན་ཚན་དང་། བྱ་སྤྱོད་ཀྱི་ངོ་བོ་དང་དམིགས་ཡུལ། གོམས་སྲོལ་བཅས་དང་དེ་བཞིན་ཁ་དན་ཚིག་གནས་ཀྱི་རྩ་དོན་དང་ཟུང་འབྲེལ་བྱས་ནས། བྱ་སྤྱོད་སྤེལ་མིའི་འདོད་བློ་ངོ་མ་གཏན་འཁེལ་བྱེད་དགོས།