ཉེ་བའི་ལོ་ཤས་རིང་། གཞིས་རྩེའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་དོན་ཞིབ་དཔྱོད་ཀྱི་འགན་ནུས་གང་ལེགས་བཏོན་ཞིང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། སྔ་རྗེས་སུ་ཞིང་པ་ལས་མི་197ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་240ལྷག་ཙམ་མི་ཕོག་པར་བྱས་པ་རེད།
Aཞིང་པ་ལས་མིའི་གླ་ཆ་མི་རག་པའི་སེམས་ཁྲལ་བསལ་བ།
ལོ་གཅིག་གི་གོང་། ས་དགའ་རྫོང་མི་སྤྱི་སྡེ་ཚན་གྱིས་སྙན་སེང་ཞུས་པ་ལྟར། ས་དགའ་རྫོང་ཞིབ་དཔྱོད་ཁང་12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་ཀྱིས་ཞིང་པ་ལས་མི12ཀྱི་གླ་ཆའི་གནད་དོན་སྐོར་གྱི་ཞུ་གཏུག་དང་ལེན་བྱས་ཤིང་། ཅན་ཁྲ་ཀྲང་གིས་གནད་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་རང་ཉིད་ནས་ཞུ་གཏུག་དང་འབྲེལ་བའི་ལས་དོན་ཁག་སྒྲུབ་འགན་ཁུར་བ་དང་། ཞིང་པ་ལས་མིར་གླ་ཆ་ལེན་པའི“ལྗང་མདོག་བགྲོད་ལམ”བཏོད་ནས་གྱོད་གཞི་དེར་མགྱོགས་མྱུར་བདག་སྤྲོད་དང་སྔོན་ལ་ཞིབ་བཤེར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་དེ་ནི་ཨར་པོ་སྤྱིའི་འགན་གཙང་ལེན་མཁན་ཕྱོགས་ཀྱིས་ལས་གྲྭ་ཁག་བགོས་ནས་འགན་གཙང་སྤྲད་པ་དང་། ཁག་བགོས་འགན་གཙང་ལེན་མཁན་ཕྱོགས་ཀྱིས་ཨར་པོ་་སྤྱིའི་འགན་གཙང་ལེན་མཁན་ཕྱོགས་ནས་ལས་གྲྭའི་དངུལ་སྤྲོད་ཀྱི་མེད་པར་ཁ་གཡར་ནས། ཞིང་པ་ལས་མིར་གླ་ཆ་སྤྲད་མེད་པས་ཞིང་པ་ལས་མིར་ཟླ་བ་བརྒྱད་ཙམ་གྱི་གླ་ཆ་འགྱངས་ཆད་བྱས་ཡོད། དེའི་ཁར་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ལས་གྲྭ་ལས་འགོ་བསྐྱར་དུ་འཛུགས་དཀའ་བ་དང་ཞིང་པ་ལས་མིར་ངལ་ལས་ཀྱི་འབབ་ཁུངས་གཞན་མེད་པས། འཚོ་བར་དཀའ་ངལ་ཆེན་པོ་ཕྲད་པ་དང་། མཐའ་ན་ཞིང་པ་ལས་མི་ཁག་གཅིག་ལ་སྨན་བཅོས་ཀྱི་སྨན་རིན་ཡང་མེད་པ་རེད།
སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས་མི་དམངས་གོང་དུ་བཀུར་བའི་རྩ་དོན་མཐའ་འཁྱོངས་བྱས་ནས། ཁོང་ཚོར་རོགས་རམ་བྱེད་པ་དང་དུས་མཚུངས། སྨན་ཁང་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་སྔོན་ལ་ཞིང་པ་ལས་མིར་སྨན་བཅོས་བྱས་པ་དང་ཞིང་པ་ལས་མིའི་གཞི་རྩའི་འཚོ་བ་འགན་ལེན་ཧུར་ཐག་བྱས་པ་རེད།
མི་སྤྱི་སྡེ་ཚན་དང་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། མཐར་ཞིང་པ་ལས་མི་12ལ་འདུམ་འགྲིག་གི་བྱེད་སྟངས་ནས་འགྱངས་ཆད་གླ་ཆ་སྒོར་ཁྲི་42.7ལེན་རོགས་བྱས་པ་རེད།
B ཞིང་པ་ལས་མིའི་གླ་ཆ་འགན་ལེན་ཡག་པོ་བྱས་པ།
ད་ལོ་བསམ་གྲུབ་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་ནས“ཞིབ་དཔྱོད་ཁང་གིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པར་བརྟེན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་། གྱོད་གཞིའི་དོ་བདག་ཚང་མ་ས་ཆ་གཞན་དུ་ཡོད་པར་བསམ་གཞིག་བྱས་ནས་གྱོད་གཞི་སྒྲུབ་མཁན་གྱིས་རེ་འདུན་ཞུ་མཁན་དང་རེ་འདུན་ཞུ་ཡུལ་དབར་འབྲེལ་གཏུག་དང་གྲོས་མོལ་ཐེངས་མང་བྱེད་པར་ཁྲིད་སྟོན་བྱས་པ་རེད། མཐར་དོ་བདག་ཕྱོཌ་གཉིས་དབར་འདུམ་འགྲིག་གྲོས་མཐུན་བཞག་པ་དང་། རེ་འདུན་ཞུ་ཡུལ་གྱིས་ཀྱང་དུས་བཅད་ལྟར་འགྱངས་ཆད་གླ་ཆ་ཚང་མ་སྤྲད་པ་རེད།
གྱོད་གཞི་དེའི་ནང་གྱོད་གཞི་སྒྲུབ་མཁན་གྱིས་དྲ་ཐོག་ནས་འབྲེལ་གཏུག་གང་ལེགས་བྱས་པར་བརྟེན། འདུམ་འགྲིག་བདེ་བླག་བྱུང་བ་དང་། “ཆ་འཕྲིན་མང་ཙམ་རྒྱུག་པ་དང་མང་ཚོགས་ཉུང་ཙམ་རྒྱུག་པའི”ཐོག་ནས་དོ་བདག་གི་ཞུ་གཏུག་དཀའ་ངལ་ཉུང་དུ་བཏང་སྟེ་གྱོད་གཞི་ཐག་གཅོད་མི་སེམས་ལ་བབས་པ་བྱས་པ་རེད།
C མཉམ་དུ་རྩོད་གཞི་འདུམ་འགྲིག་བྱས་པ།
2022ལོའི་ཟླ་5པར་ཕང་ཆེ་གེ་མོས་ཏུང་ཆེ་གེ་མོའི་ས་ནས་གཉའ་ནང་རྫོང་གི་སློབ་གྲྭ་ཞིག་གི་རྒྱལ་སྒོ་དང་ལྕགས་རི་འཛུགས་སྐྲུན་རྣམ་གྲངས་འགན་གཙང་བླངས་པ་རེད། ཕྱིས་སུ་ཏུང་ཆེ་གེ་མོས་ཁ་ཆད་ལས་འགལ་ཏེ་ཉམས་བཟོའི་གྲོན་དངུལ་མ་སྤྲད་པར་དུས་ཡུན་རིང་པོ་ཕྱིན་པ་རེད། དོ་བདག་གཞན་གྱིས་རེ་ཞུ་བྱེད་མཁན་ལ་ཆད་འཛིན་གཉིས་བྲིས་ནས་ཕང་ཆེ་གེ་མོར་རྒྱལ་སྒོ་ཉམས་བཟོའི་སྒོར་7000དང་ལྕགས་རི་ཉམས་བཟོའི་སྒོར་700ཆད་ཡོད་ལུགས་གསལ་པོ་བྲིས་པ་མ་ཟད་ངག་ཐོག་ནས་གླ་ཆ་གང་མགྱོགས་ཆ་ཚང་སྤྲོད་རྒྱུའི་ཁས་ལེན་བྱས་ཀྱང་དངུལ་མ་སྤྲད་པར་ཡུན་རིང་སོང་ཡོད་པ་རེད།
ཕང་ཆེ་གེ་མོས་2023ལོའི་ཟླ་7པར་གཉའ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་བསྐྱོད་ནས། ཏུང་ཆེ་གེ་མོའི་ས་ནས་ཉམས་བཟོའི་གྲོན་དངུལ་དང་འགྱངས་ཆད་བྱས་པའི་ངལ་རྩོལ་གླ་ཆ་ལེན་པའི་ཞུ་གཏུག་ལ་རྒྱབ་སྐྱོར་དང་བཅའ་ཁྲིམས་ཀྱི་རོགས་རམ་བྱ་རྒྱུའི་རེ་འདུན་ཞུས་པར། གཉའ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་རྗེས་བདག་སྤྲོད་བྱས་པ་རེད།
གྱོད་གཞི་སྒྲུབ་གཉེར་བྱེད་རིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཏུག་བཤེར་ཐོན་ཁུངས་གྲོན་ཆུང་དང་དོ་བདག་གི་གཏུག་བཤེར་གྱི་དཀའ་ངལ་ཆུང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐུན་སྦྱོར་ཧུར་ཐག་བྱས་ནས་འདུམ་འགྲིག་ཡོང་བར་སྐུལ་འདེད་བཏང་བ་དང་མཐར་གཉའ་ནང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཐུན་མོང་ཐོག་འདུམ་འགྲིག་བྱས་ཏེ་དོ་བདག་ཕྱོགས་གཉིས་པོ་གཏུག་བཤེར་མ་བྱས་གོང་འདུམ་འགྲིག་ཡོང་བར་སྐུལ་འདེད་བཏང་བ་དང་འབྲེལ། དོ་བདག་ལ་གཞོགས་འདེགས་བྱས་ནས་ཁྲིམས་ཁང་ལ་ཁྲིམས་འཛིན་གཏན་འཁེལ་རེ་ཞུ་བྱས་ཤིང་། གཉའ་ནང་རྫོང་མི་དམངས་ཁྲིམས་ཁང་གིས་2023ལོའི་ཟླ་7ཚེས་14ཉིན་དམངས་དོན་གྱི་ཁྲུན་ཐག་བཅད་པ་རེད།