(གཟའ་འཁོར་གོང་མར་མཐུད)
◆ དོན་ཚན་གྱ་གསུམ་པ། ཁེ་གཉེར་ཁྲིམས་མིའི་མ་རྩ་གཏོང་མིས་མ་རྩ་གཏོང་མིའི་ཁེ་དབང་གང་བྱུང་དུ་སྤྱད་དེ་ཁྲིམས་མིའམ་མ་རྩ་གཏོང་མི་གཞན་དག་གི་ཁེ་ཕན་ལ་གནོད་རྐྱེན་བཟོས་མི་ཆོག མ་རྩ་གཏོང་མིའི་ཁེ་དབང་གང་བྱུང་དུ་སྤྱད་དེ་ཁྲིམས་མིའམ་མ་རྩ་གཏོང་མི་གཞན་དག་ལ་གྱོང་གུན་བཟོས་པ་ཡིན་ན། ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས།
◆ དོན་ཚན་གྱ་བཞི་པ། ཁེ་གཉེར་ཁྲིམས་མིའི་མ་རྐང་ཚོད་འཛིན་གྱི་མ་རྩ་གཏོང་མི་དང་། དངོས་སུ་ཚོད་འཛིན་བྱེད་མི། ཏུང་ཧྲི། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱིས་ཁོ་ཚོའི་དཀྱུས་འབྲེལ་འབྲེལ་བ་སྤྱད་ནས་ཁྲིམས་མིའི་ཁེ་ཕན་ལ་གནོད་རྐྱེན་བཟོས་མི་ཆོག དཀྱུས་འབྲེལ་འབྲེལ་བ་སྤྱད་ནས་ཁྲིམས་མིར་གནོད་རྐྱེན་བཟོས་ན། སྐྱིན་གསབ་འགན་འཁྲི་འཁུར་དགོས།
◆ དོན་ཚན་གྱ་ལྔ་པ། ཁེ་གཉེར་ཁྲིམས་མིའི་དབང་འཛིན་སྒྲིག་གཞི་དང་ལག་བསྟར་སྒྲིག་གཞིས་གྲོས་ཆོད་བཞག་པའི་གྲོས་ཚོགས་སྐོང་འཚོག་ལས་རིམ་དང་བརྡས་ཐག་གཅོད་སྟངས་དེ་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ཁྲིམས་མིའི་སྒྲིག་ཡིག་བཅས་དང་འགལ་བའམ་ཡང་ན་གྲོས་ཆོད་ཀྱི་ནང་དོན་ཁྲིམས་མིའི་སྒྲིག་ཡིག་དང་འགལ་ན། ཁེ་གཉེར་ཁྲིམས་མིའི་མ་རྩ་གཏོང་མིས་མི་དམངས་ཁྲིམས་ཁང་ལ་གྲོས་ཆོད་དེ་རྩིས་མེད་དུ་གཏོང་དགོས་པའི་རེ་འདུན་ཞུས་ཆོག ཡིན་ན་ཡང་ཁེ་གཉེར་ཁྲིམས་མིས་གྲོས་ཆོད་དེ་གཞིར་བཟུང་ནས་སེམས་བཟང་བལྟོས་བཅས་མི་ལ་བྱུང་བའི་དམངས་དོན་བཅའ་ཁྲིམས་འབྲེལ་བར་ཤུགས་རྐྱེན་མི་ཐེབས་པ་ཡིན།
◆ དོན་ཚན་གྱ་དྲུག་པ། ཁེ་གཉེར་ཁྲིམས་མིས་གཉེར་སྐྱོང་ལས་སྒོ་སྤེལ་སྐབས། ཚོང་ལས་ཀྱི་ཀུན་སྤྱོད་བརྩི་སྲུང་དང་། ཉོ་འཚོང་གི་བདེ་འཇགས་སྲུང་སྐྱོང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ལེན་བཅས་བྱེད་དགོས།
ས་བཅད་གསུམ་པ། ཁེ་གཉེར་མིན་པའི་ཁྲིམས་མི།
◆ དོན་ཚན་གྱ་བདུན་པ། སྤྱི་ཕན་གྱི་དམིགས་ཡུལ་ལམ་ཁེ་གཉེར་མིན་པའི་དམིགས་ཡུལ་གཞན་དག་གི་ཆེད་དུ་འཛུགས་པ་དང་། ཁེ་སྤོགས་གང་ཐོབ་མ་རྩ་གཏོང་མི་དང་། འཛུགས་མིའམ་ཁོངས་མི་བཅས་ལ་བགོ་བཤའ་མི་རྒྱག་པའི་ཁྲིམས་མི་ནི་ཁེ་གཉེར་མིན་པའི་ཁྲིམས་མི་ཡིན།
ཁེ་གཉེར་མིན་པའི་ཁྲིམས་མིའི་ཁོངས་སུ་བྱ་ལས་ཚན་པ་དང་། སྤྱི་ཚོགས་ཚོགས་པ། ཐེབས་རྩ་ཚོགས་པ། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི་སོགས་ཚུད་ཡོད།
◆ དོན་ཚན་གྱ་བརྒྱད་པ། ཁྲིམས་མིའི་ཆ་རྐྱེན་འཛོམས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་དགོས་མཁོ་དང་བསྟུན་ནས་སྤྱི་ཕན་ཞབས་ཞུ་འདོན་སྤྲོད་བྱེད་པར་འཛུགས་རྒྱུའི་བྱ་ལས་ཚན་པ་ནི། ཁྲིམས་ལྟར་ཐོ་འགོད་བྱས་ནས་བཙུགས་པ་ཡིན་ན། བྱ་ལས་ཚན་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན། ཁྲིམས་ལྟར་ན་ཁྲིམས་མིའི་ཐོ་འགོད་བྱེད་མི་དགོས་པ་ཡིན་ན། བཙུགས་ཉིན་ནས་བཟུང་བྱ་ལས་ཚན་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན།
◆ དོན་ཚན་གྱ་དགུ་པ། བྱ་ལས་ཚན་པའི་ཁྲིམས་མིར་ལས་འཛིན་ལྷན་ཚོགས་བཙུགས་ཡོད་ན། བཅའ་ཁྲིམས་ལ་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད། ལས་འཛིན་ལྷན་ཚོགས་ནི་དེའི་ཇུས་གཅོད་སྒྲིག་གཞི་ཡིན། བྱ་ལས་ཚན་པའི་ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་པ་ནི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལམ་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་ལྟར་ཐོན་དགོས།
◆ དོན་ཚན་དགུ་བཅུ་པ། ཁྲིམས་མིའི་ཆ་རྐྱེན་འཛོམས་པ་དང་། ཚོགས་མིའི་སྤྱི་མཐུན་གྱི་འདོད་མོས་གཞིར་བཞག་པ། སྤྱི་ཕན་དམིགས་ཡུལ་ལམ་ཚོགས་མིའི་སྤྱི་མཐུན་གྱི་ཁེ་ཕན་སོགས་ཁེ་གཉེར་མིན་པའི་དམིགས་ཡུལ་གྱི་ཆེད་དུ་འཛུགས་རྒྱུའི་སྤྱི་ཚོགས་ཚོགས་པ་ནི། ཁྲིམས་ལྟར་ཐོ་འགོད་བྱས་ནས་བཙུགས་པ་ཡིན་ན། སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན། ཁྲིམས་ལྟར་ན་ཁྲིམས་མིའི་ཐོ་འགོད་བྱེད་མི་དགོས་པ་ཡིན་ན། བཙུགས་ཉིན་ནས་བཟུང་སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན།
◆ དོན་ཚན་གོ་གཅིག་པ། སྤྱི་ཚོགས་ཚོགས་པའི་ཁྲིམས་མི་འཛུགས་པའི་ཚེ་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་གཏན་འབེབས་བྱེད་དགོས།
སྤྱི་ཚོགས་ཚོགས་པའི་ཁྲིམས་མིར་ཚོགས་མིའི་ཚོགས་ཆེན་ནམ་ཚོགས་མིའི་འཐུས་མིའི་ཚོགས་ཆེན་སོགས་དབང་འཛིན་སྒྲིག་གཞི་འཛུགས་དགོས།
སྤྱི་ཚོགས་ཚོགས་པའི་ཁྲིམས་མིར་ལས་འཛིན་ལྷན་ཚོགས་སོགས་ལག་བསྟར་སྒྲིག་གཞི་འཛུགས་དགོས། ལས་འཛིན་འགོ་གཙོའམ་ཚོགས་གཙོ་སོགས་འགན་འཁུར་པས་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་ལྟར་ཁྲིམས་བཀོད་འཐུས་ཚབ་པ་བྱེད་དགོས།
◆ དོན་ཚན་གོ་གཉིས་པ། ཁྲིམས་མིའི་ཆ་རྐྱེན་འཛོམས་པ་དང་། སྤྱི་ཕན་དམིགས་ཡུལ་གྱི་ཆེད་དུ་ཞལ་འདེབས་ཕུལ་བའི་རྒྱུ་ནོར་གྱིས་འཛུགས་རྒྱུའི་ཐེབས་རྩ་ཚོགས་པ་དང་སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི་སོགས་ནི། ཁྲིམས་ལྟར་ཐོ་འགོད་བྱས་ནས་བཙུགས་པ་ཡིན་ན། ཞལ་འདེབས་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན།
◆ དོན་ཚན་གོ་གསུམ་པ། ཞལ་འདེབས་ཁྲིམས་མི་འཛུགས་ཚེ། ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་གཏན་འབེབས་བྱེད་དགོས།
ཞལ་འདེབས་ཁྲིམས་མིར་ལས་འཛིན་ལྷན་ཚོགས་དང་དམངས་གཙོའི་དོ་དམ་རྩ་འཛུགས་སོགས་ཇུས་གཅོད་སྒྲིག་གཞི་འཛུགས་དགོས་པར་མ་ཟད། ལག་བསྟར་སྒྲིག་གཞིའང་འཛུགས་དགོས། ལས་འཛིན་འགོ་གཙོ་སོགས་འགན་འཁུར་པས་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་ལྟར་ཁྲིམས་བཀོད་འཐུས་ཚབ་པ་བྱེད་དགོས།
◆ དོན་ཚན་གོ་བཞི་པ། ཞལ་འདེབས་འབུལ་མིར་ཞལ་འདེབས་ཁྲིམས་མིར་ཞལ་འདེབས་རྒྱུ་ནོར་བེད་སྤྱོད་དང་དོ་དམ་བྱས་ཚུལ་འདྲི་རྩད་བྱེད་པ་དང་སྦྲགས། བསམ་འཆར་དང་གྲོས་འགོ་འདོན་པའི་དབང་ཆ་ཡོད། ཞལ་འདེབས་ཁྲིམས་མིས་དུས་ཐོག་ཏུ་དྲང་པོ་དྲང་གཞག་གིས་ལན་སྤྲོད་དགོས།
◆ དོན་ཚན་གོ་ལྔ་པ། སྤྱི་ཕན་གྱི་དོན་དུ་བཙུགས་པའི་ཁེ་གཉེར་མིན་པའི་ཁྲིམས་མི་མཇུག་སྒྲིལ་སྐབས། མ་རྩ་གཏོང་མི་དང་། འཛུགས་མིའམ་ཁོངས་མིར་རྒྱུ་ནོར་ལྷག་མ་བགོ་བཤའ་བརྒྱབ་མི་ཆོག རྒྱུ་ནོར་ལྷག་མ་དག་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་སམ་དབང་འཛིན་སྒྲིག་གཞིའི་ཆོད་དོན་ལྟར་སྤྱི་ཕན་དམིགས་ཡུལ་གྱི་དོན་དུ་སྤྱོད་དགོས་པ་དང་། ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་སམ་དབང་འཛིན་སྒྲིག་གཞིའི་ཆོད་དོན་ལྟར་ཐག་གཅོད་བྱེད་ཐབས་མེད་པ་ཡིན་ན། གཙོ་གཉེར་ལས་ཁུངས་ཀྱིས་གཙོ་སྐྱོང་བྱས་པ་བརྒྱུད་དམིགས་ཡུལ་འདྲ་བའམ་ཧ་ལམ་འདྲ་བའི་ཁྲིམས་མིར་སྤོ་སྤྲོད་བྱེད་པ་དང་སྦྲགས། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་དགོས།
ས་བཅད་བཞི་པ། དམིགས་བསལ་ཁྲིམས་མི།
◆ དོན་ཚན་གོ་དྲུག་པ། ས་བཅད་འདིར་བཀོད་པའི་ལས་ཁུངས་ཀྱི་ཁྲིམས་མི་དང་། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི། གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི། གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མི་བཅས་ནི་དམིགས་བསལ་ཁྲིམས་མི་ཡིན།
◆ དོན་ཚན་གོ་བདུན་པ། རང་ཚུགས་ཀྱི་གྲོན་དངུལ་ཡོད་པའི་ལས་ཁུངས་དང་སྲིད་འཛིན་གྱི་འགན་ནུས་འཁུར་བའི་ཁྲིམས་བཀོད་སྒྲིག་གཞི་ཡིན་ན་བཙུགས་ཉིན་ནས་བཟུང་ལས་ཁུངས་ཁྲིམས་མིའི་ཐོབ་ཐང་ཡོད་པ་ཡིན་ལ། འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་བྱེད་སྒོ་སྤེལ་ཆོག
◆ དོན་ཚན་གོ་བརྒྱད་པ། ལས་ཁུངས་ཁྲིམས་མི་ཕྱིར་འཐེན་བྱས་པ་ཡིན་ན། ཁྲིམས་མི་མཇུག་བསྒྲིལ་བ་ཡིན་ལ། དེའི་དམངས་དོན་ཁེ་དབང་དང་འོས་འགན་ནི་ལས་རྒྱུན་འཛིན་མཁན་ལས་ཁུངས་ཁྲིམས་མིས་སྤྱོད་ཅིང་འཁུར་དགོས་པ་དང་། ལས་རྒྱུན་འཛིན་མཁན་ལས་ཁུངས་ཁྲིམས་མི་མེད་ན། ཕྱིར་འཐེན་གྱི་ཐག་གཅོད་བྱེད་མཁན་ལས་ཁུངས་ཁྲིམས་མིས་སྤྱོད་ཅིང་འཁུར་དགོས།
◆ དོན་ཚན་གོ་དགུ་པ། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཁྲིམས་མིའི་ཐོབ་ཐང་ལེན་དགོས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཐད་ལ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་བརྒྱ་ཐམ་པ། གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཁྲིམས་མིའི་ཐོབ་ཐང་ལེན་དགོས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཐད་ལ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་བརྒྱ་དང་དང་པོ། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ལ་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ཡོད་ལ། འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་བྱེད་སྒོ་སྤེལ་ཆོག
གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཙུགས་མེད་ན། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཚབ་བྱས་ནས་འགན་ནུས་བསྒྲུབས་ཆོག
ལེའུ་བཞི་པ།
ཁྲིམས་མི་མིན་པའི་རྩ་འཛུགས།
◆ དོན་ཚན་བརྒྱ་དང་གཉིས་པ། ཁྲིམས་མི་མིན་པའི་རྩ་འཛུགས་ནི་ཁྲིམས་མིའི་ཐོབ་ཐང་མེད་ཀྱང་། ཁྲིམས་ལྟར་རང་ཉིད་ཀྱི་མིང་ཐོག་ནས་དམངས་དོན་བྱེད་སྒོ་སྤེལ་ཐུབ་པའི་རྩ་འཛུགས་ཡིན།
◆ དོན་ཚན་བརྒྱ་དང་གསུམ་པ། ཁྲིམས་མི་མིན་པའི་རྩ་འཛུགས་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐོ་འགོད་བྱེད་དགོས།
ཁྲིམས་མི་མིན་པའི་རྩ་འཛུགས་འཛུགས་སྐབས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་འཐོབ་དགོས་པར་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་བརྒྱ་དང་བཞི་པ། ཁྲིམས་མི་མིན་པའི་རྩ་འཛུགས་ཀྱི་རྒྱུ་ནོར་གྱིས་བུ་ལོན་འཇལ་བར་མ་འདང་ན། དེའི་མ་རྩ་གཏོང་མིའམ་འཛུགས་མིས་ཚད་མེད་འགན་འཁྲི་འཁུར་དགོས། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་བརྒྱ་དང་ལྔ་པ། ཁྲིམས་མི་མིན་པའི་རྩ་འཛུགས་ཀྱིས་རྩ་འཛུགས་དེའི་ཚབ་བྱས་ནས་དམངས་དོན་བྱེད་སྒོ་སྤེལ་མཁན་མི་གཅིག་གམ་མི་འགའ་གཏན་འཁེལ་བྱས་ཆོག
◆ དོན་ཚན་བརྒྱ་དང་དྲུག་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ན། ཁྲིམས་མི་མིན་པའི་རྩ་འཛུགས་ཁ་ཐོར་གཏོང་དགོས།
(གཅིག) སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་སོར་གནས་ཡུན་ཚད་ལོངས་པའམ་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་ཁ་ཐོར་གཏོང་དགོས་པའི་རྒྱུ་རྐྱེན་གཞན་དག་བྱུང་བ།
(གཉིས) མ་རྩ་གཏོང་མིའམ་འཛུགས་མིས་ཁ་ཐོར་གཏོང་ཐག་བཅད་པ།
(གསུམ) བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག
◆ དོན་ཚན་བརྒྱ་དང་བདུན་པ། ཁྲིམས་མི་མིན་པའི་རྩ་འཛུགས་ཁ་ཐོར་བཏང་ཚེ། ཁྲིམས་ལྟར་གཙང་རྩིས་རྒྱག་དགོས།
◆ དོན་ཚན་བརྒྱ་དང་བརྒྱད་པ། ཁྲིམས་མི་མིན་པའི་རྩ་འཛུགས་ལ་ལེའུ་འདིའི་གཏན་འབེབས་སྤྱད་འཐུས་ཕུད། ལེ་ཚན་འདིའི་ལེའུ་གསུམ་པའི་ས་བཅད་དང་པོའི་འབྲེལ་ཡོད་གཏན་འབེབས་དཔེ་གཞི་བྱས་ནས་སྤྱད་འཐུས།