《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月23日

མཐའ་སྲུང་མཐའ་བརྟན་གཟི་བརྗིད་ཆེ། ལང་ཚོའི་བཀྲག་མདངས་རབ་ཏུ་འཚེར།

—— རྒྱལ་ཡོངས་ཀྱི“གཞུང་ལས་པ་ཡག་ཤོས”དང་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྤྱི་བདེ་ཅུས་ཀྱི་རིམ་གསུམ་ཉེན་རྟོག་དཔོན་རྒྱལ་མཚན་ནོར་བུའི་སྐོར་བཀོད་པ།

རྒྱལ་མཚན་ནོར་བུ་དང་ལས་རོགས་ཚོས་གངས་ཆེན་པོ་བབས་ནས་ཕྱུགས་འཚོ་སར་ལུས་པའི་མང་ཚོགས་དང་ཕྱུགས་ཟོག་ལ་རོགས་སྐྱོབ་བྱེད་བཞིན་པ།

རྒྱལ་མཚན་ནོར་བུས་མཐའ་མཚམས་ཀྱི་དངོས་སྡོད་ས་ཚིགས་སུ་ལས་འགན་སྒྲུབ་བཞིན་པ།

རྒྱལ་མཚན་ནོར་བུས་ལྷོ་བྲག་རྫོང་གི་ཚོང་གཉེར་བྱ་ཡུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་དང་ཧི་མ་ལ་ཡའི་འདབས་སུ་གནས་ཤིང་། ལོ་མང་རིང་། དེར་མཐའ་སྲུང་མི་དམངས་ཉེན་རྟོག་པས་མཐའ་སྟོབས་དང་། མཐའ་བརྟན། མཐའ་དར། དམངས་ཕྱུག་བཅས་ཀྱི་ཆབ་སྲིད་ཀྱི་ལས་འགན་བསྒྲུབས་དང་སྒྲུབ་བཞིན་ཡོད།

སློབ་ཆེན་ཐོན་ནས་རང་ཡུལ་དུ་ལས་ཀ་བྱེད་པའི“དགུ་བཅུ་ནང་སྐྱེས”ཀྱི་མི་དམངས་ཉེན་རྟོག་པ་ལྷོ་བྲག་རྫོང་སྤྱི་བདེ་ཅུས་རིམ་གསུམ་ཉེན་རྟོག་དཔོན་རྒྱལ་མཚན་ནོར་བུས་མཐའ་མཚམས་སུ་ལོ་12ལས་དོན་སྒྲུབ་རིང་། ཁོང་གིས་འབད་འཐབ་དང་ལས་གནས་བརྟན་སྲུང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་བྱས་ཏེ། གདོད་མའི་ནགས་ཚལ་དང་། འཁྱགས་པས་བསྡམས་པའི་མི་མེད་ལུང་སྟོང་གང་ཡིན་རུང་རང་ཉིད་ཀྱི་ཆེས་མཛེས་སྡུག་ལྡན་པའི་ལང་ཚོར་བརྟེན་ནས་མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད་ལ། རང་ཉིད་ཀྱི་དཀའ་སྤྱད་རྔུལ་ཆུར་བརྟེན་ནས་གངས་ལྗོངས་ས་མཐོར་ལྷག་བསམ་ཟོལ་མེད་དང་ཐེག་པ་ཁུར་ལེན་ངང་རང་འཁྲིའི་ལས་དོན་ཧུར་ཐག་བསྒྲུབས་ཡོད།

2023ལོར་རྒྱལ་མཚན་ནོར་བུར་རྒྱལ་ཡོངས་ཀྱི“གཞུང་ལས་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་ཅིང་། བླ་ན་མེད་པའི་གཟི་བརྗིད་མཚན་སྙན་དེ་ཐོབ་དུས། རྒྱལ་མཚན་ནོར་བུས“གཟི་བརྗིད་མཚན་སྙན་འདི་ང་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་བྱེད་མཁན་གྱི་འཐབ་འཛིང་པ་ཚོར་དབང་བ་ཡིན་ལ། མེས་རྒྱལ་གྱི་མཐའ་མཚམས་སུ་ཁེ་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་མི་དམངས་ཉེན་རྟོག་པར་དེ་བས་དབང་བ་ཡིན”ཞེས་བརྗོད།

A“མཐའ་མཚམས་སུ་རྩ་བ་ཚུགས་པ་ནི་ཕ་ཡུལ་གྱི་འཕེལ་རྒྱས་ལ་དྲིན་ལན་ཡག་ཤོས་འཇལ་བ་ཞིག་རེད”

མཐའ་སྲུང་ལམ་བུར་དཀའ་ངལ་དང་འགྲན་སློང་གིས་ཁེངས་མོད། འོན་ཀྱང་རྒྱལ་མཚན་ནོར་བུས“གལ་སྲིད་ས་ཆ་འདིར་དགའ་ཞེན་དང་བྱ་གཞག་འདིར་གུས་སྐྲག་གི་བསམ་བློ་མེད་ཚེ་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན”ཞེས་བཤད།

2012ལོར་རྒྱང་ལྟ་བྱེད་སྐབས། དེ་དུས་རྒྱལ་མཚན་ནོར་བུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། ལས་ཞུགས་ཡག་པོ་ཡོད་པའི་ཆ་རྐྱེན་འོག་གྲོང་ཁྱེར་དུ་ལས་ཞུགས་བྱེད་ཐུབ། འོན་ཀྱང་ཁོང་གིས་བློ་ཐག་ཆོད་པོས་ཕ་ཡུལ་དུ་ལོག་རྒྱུའི་སེམས་ཐག་བཅད། “གྲོང་ཁྱེར་ནང་གང་ཅིའི་ཐད་ཆ་རྐྱེན་ཧ་ཅང་ཡག་པོ་ཡོད། འོན་ཀྱང་འདི་གར་ཕ་མར་ལྟ་རྟོག་དང་ཕ་ཡུལ་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་ཐུབ་པས་གདམ་ག་ཡག་ཤོས་ཡིན”ཞེས་བཤད། ཆུང་དུས་ནས་ས་ཐག་རིང་བའི་མཐའ་མཚམས་ས་ཁུལ་དུ་འཚར་ལོངས་བྱུང་བའི་རྒྱལ་མཚན་ནོར་བུས་མཐའ་མཚམས་སུ་རྩ་བ་ཚུགས་པ་ནི་ཕ་ཡུལ་གྱི་འཕེལ་རྒྱས་ལ་དྲིན་ལན་ཡག་ཤོས་འཇལ་བ་ཞིག་ཡིན་པ་གསལ་པོར་ཤེས་ཀྱི་ཡོད།

རྒྱལ་མཚན་ནོར་བུའི་གཟབ་ནན་དང་། ནན་ཏན། ཞིབ་ཚགས་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་ལ་རྩ་འཛུགས་ཀྱི་ཁས་ལེན་ཐོབ་ནས་གསོ་སྐྱོང་བྱེད་པའི་གོ་སྐབས་རག་ཡོད། 2019ལོར་ཁོང་ལ་ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་དུ་ཟབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཐོབ་པ་དེ་ནི་ཁོང་གིས་ལོ་མང་རིང་དཀའ་སྤྱད་དངོས་སྒྲུབ་བྱས་རྗེས་བརྒྱུད་རིམ་ལྡན་པའི་ཆེད་ལས་སློབ་སྦྱོང་བྱེད་ཐེངས་དང་པོ་ཡིན་ལ། དེ་ནི་ཁོང་གི་མི་ཚེའི་ཁྲོད་བོད་ནས་ཁ་བྲལ་ཐེངས་དང་པོ་དེའང་ཡིན།

དུས་ཡུན་ལོ་གཅིག་གི་ཟབ་སྦྱོང་རིང་རྒྱལ་མཚན་ནོར་བུས་དུས་ཚོད་འཕྲོ་བརླག་མི་གཏོང་བར་སློབ་གསེང་དུས་ཚོད་ལ་ཁོང་གིས་རང་འགུལ་ངང་ས་ཁུལ་གཞན་དག་གི་སློབ་མ་དང་ཉམས་མྱོང་སྤེལ་རེས་བྱས་པ་དང་། བོད་དུ་ཚུར་ལོག་སྐབས་ཁོང་གི་རྡོག་ཁྲེས་ནང་མང་ཆེ་བ་ནི་ཆེད་ལས་དང་འབྲེལ་བ་ཡོད་པའི་དཔེ་དེབ་དང་ཟིན་བྲིས་དེབ་ཡིན་པ་རེད། “ཕྱི་རུ་སློབ་སྦྱོང་བྱེད་པར་སྐྱོད་པའི་གོ་སྐབས་ཧ་ཅང་དཀོན་པས་ལས་གནས་སུ་ལོག་རྗེས་ངས་སྦྱངས་ཟིན་པའི་ཤེས་བྱ་ལས་རོགས་དེ་བས་མང་བར་མཉམ་སྤྱོད་བྱེད་ཀྱི་ཡིན། ལས་རོགས་ཚང་མ་ཡར་རྒྱས་བྱུང་ཚེ་ང་ཚོས་གཞི་ནས་མཐའ་སྲུང་གི་ལས་དོན་དེ་བས་ལེགས་པ་སྒྲུབ་ཐུབ”ཅེས་རྒྱལ་མཚན་ནོར་བུས་བཤད།

B“ང་ཚོར་རང་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་མི་ཤོར་བ་བྱེད་པའི་ཆོད་སེམས་ཡོད་དགོས”

ལྷོ་བྲག་རྫོང་ཁོངས་ཀྱི་མཐའ་མཚམས་ལམ་ཐིག་ལ་རིང་ཚད་སྤྱི་ལེ་240ཡོད། ལོ་རྒྱུས་ཐོག་ལ་རྒྱབ་ཤང་བས་ཡུལ་དུ་འབྲུག་ཡུལ་གྱི་ཕྱུགས་ཟོག་རྒྱལ་མཚམས་གྲོལ་ནས་འཚོ་གི་ཡོད་པས་མཐའ་མཚམས་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་འགོག་རྐྱེན་བཟོ་གི་ཡོད། མཐའ་མཚམས་ས་ཁུལ་གྱི་རྩྭ་ར་བཙན་བཟུང་གི་གནས་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱ་ཆེད། མཐའ་མཚམས་ལས་བྱེད་པ་དང་མང་ཚོགས་ཀྱིས་ལུང་གཞུང་དང་གཡང་གཟར་དུ་མཐའ་སྲུང་མཐའ་བརྟན་བྱེད་དགོས་པ་མ་ཟད། འགག་རྩའི་དུས་མཚམས་སུ་མི་སྣ་མངགས་ནས་སྲུང་སྐྱོབ་དང་དུས་བཀག་ལྟར་སྐོར་སྲུང་ཡང་བྱེད་དགོས་ཀྱི་ཡོད།

“ང་ཚོར་རང་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་མི་ཤོར་བ་བྱེད་པའི་ཆོད་སེམས་ཡོད་དགོས”ཞེས་ཐོལ་བྱུང་དོན་རྐྱེན་འཕྲད་སྐབས་རྒྱལ་མཚན་ནོར་བུས་རང་ཉིད་ལ་དེ་ལྟར་སེམས་གསོ་གཏོང་གི་ཡོད།

“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས”ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བཅངས་པའི་རེ་བ་དང་མངགས་བཅོལ་ཟབ་མོ་ཞིག་རེད། མཐའ་མཚམས་སུ་བླ་ན་མེད་པའི་རྒྱལ་ཁོངས་སྲུང་ནས་མེས་རྒྱལ་གྱི་མཐའ་མཚམས་ཞི་མཐུན་བརྟན་ལྷིང་ཡོང་ཆེད་དཀའ་སྡུག་མྱོང་འདོད་པ་དང་ལེགས་སྐྱེས་འབུལ་ཕོད་པས་རྒྱལ་མཚན་ནོར་བུར་2016ལོ་དང་། 2021ལོ། 2022ལོ་བཅས་ལ་སྔ་རྗེས་སུ་ཕུལ་བྱུང་གི་གཞུང་ཞབས་པར་བདམས་པ་དང་། 2022ལོར་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་བཞག་པར་ཐོ་འགོད་བྱས་ཡོད།

C“ཁོང་ནི་ནམ་ཡང་སྔོན་དུ་སྐྱོད་མཁན‘གདོང་མཆོང་པ’རེད”

སྲས་ཤང་ཆུ་འཁྱིལ་སྨད་གྲོང་ཚོ་དེ་ལྷོ་བྲག་རྫོང་གྲོང་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ཡོད་པ་དང་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་གྱི་ཡོད། 2013ལོར་རྒྱལ་མཚན་ནོར་བུ་གྲོང་སྡོད་ལས་བྱེད་པ་ཡོན་པས་གྲོང་ཚོར་ལས་ཀ་བྱེད་པར་སླེབས། སྐབས་དེ་དུས་གྲོང་ཚོའི་ལམ་ཡག་པོ་མེད་པ་དང་འབྲོག་ར་དང་གྲོང་ཚོའི་ཚོགས་ཆུང་མང་པོར་རྐང་ཐང་མར་འགྲོ་དགོས་ཀྱི་ཡོད། འོན་ཀྱང་ཁོང་གིས་ཟླ་བཞིའི་ནང་གྲོང་ཚོའི་ཁྱིམ་ཚང་ཚང་མར་འདྲི་རྟོགས་བྱེད་པའི་ལས་འགན་ལེགས་སྒྲུབ་ཟིན་པ་མ་ཟད། ད་དུང་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་སོགས་སྤེལ་བ་དང་མང་ཚོགས་ཀྱི་རེ་ཞུར་གཞིགས་ནས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱས་ཏེ་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱེད་པའི་ཞིང་ཆུ་འདྲེན་ཡུར་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱས་པས་བཅའ་སྡོད་བྱེད་སའི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་རེད།