འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མཚོ་སྣ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ཤ་འུག་སློབ་ཆུང་དུ“ཁྲིམས་སྐྱོང་སློབ་ཚན་ཁྲིད་ནས་འཚར་ལོངས་ཡོང་བར་གཞོགས་འདེགས་བྱེད”ཅེས་པའི་གསོན་ཉམས་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་གསོན་ཉམས་ལྡན་པའི་ཁྲིམས་སྐྱོང་སློབ་ཚན་ཁྲིད་ནས་གཞོན་ནུ་ལོ་ཆུང་སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་བཏང་བ་རེད།
ཁྲིམས་སྐྱོང་སློབ་ཚན་སྐབས་མཚོ་སྣ་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་གཞོན་ནུ་ལོ་ཆུང་གི་ལོ་ཚད་དང་བསམ་བློ་གཏོང་སྟངས་དང་ཟུང་འབྲེལ་བྱས་ཏེ། ཁ་གསལ་ལ་གོ་བདེ་བའི་སྐད་ཆའི་ཐོག་ནས་ཁོང་ཚོར་དམངས་དོན་ཁྲིམས་གཞུང་དང་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་བྱ་གཙོ་གནད་ཐོག་སྒྲོག་འགྲེལ་བྱས་པ་རེད།
བྱེད་སྒོའི་རིང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོས“བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་དང་ས་གནས་ས་ཐོག་ཏུ་ལན་རྒྱག་པའི”བྱེད་ཐབས་སྤྱད་ནས་སློབ་གྲྭའི་བདེ་འཇགས་དང་། འགྲིམ་འགྲུལ་བདེ་འཇགས། མེ་ཟོན་བདེ་འཇགས་སོགས་བརྗོད་དོན་གཙོ་བོར་དམིགས་ཏེ། ན་སོ་དར་ལ་མ་བབས་པའི་མིས་རང་ངོས་འགོག་སྲུང་དང་རང་ཉིད་སྲུང་སྐྱོང་ཇི་ལྟར་བྱེད་དགོས་མིན་དང་། དེ་བཞིན་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གང་འདྲ་བྱེད་དགོས་མིན་སོགས་ལ་འགྲེལ་བཤད་བརྒྱབ་པ་རེད།
ད་ཐེངས་བྱེད་སྒོ་བརྒྱུད། སློབ་མ་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྲིམས་སྐྱོང་གི་འགན་ལེན་ཐུབ་ཡོད།