《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月23日

འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་ནན། གྲོང་མི་ཕྱིར་སྐྱོད་བདེ་འཇགས་བསྲུངས།

—— ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་གི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བ།

འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་གི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་དང་དོན་འཁྱོལ་གྱིས་འགྲོ་ལམ་བཅོས་སྒྲིག་བྱ་སྤྱོད་ཀྱི་ད་ཡོད་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མང་ཚོགས་ཀྱི་ཕྱིར་སྐྱོད་ལ་བདེ་འཇགས་དང་། གོ་རིམ་ལྡན་པ། ཡ་རབས། ཤར་གཏོང་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་སྤྱིའི་བླང་བྱ་དང་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏང་ཨུད་ཀྱི་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་ཁག་གིས་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་ལ་དམིགས་ཏེ་འབྱུང་རྩར་ལྟ་འདོམས་དང་། ལམ་ངོས་སུ་དོ་དམ་ཚོད་འཛིན། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱས་ནས། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་མང་ཚོགས་ཀྱི་བདེ་འཇགས་ངང་ཕྱིར་སྐྱོད་ལ་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

ཁྲིམས་འགལ་ངང་རླངས་འཁོར་བཞག་རིགས་ལ་མུ་མཐུད་ཆེད་དོན་བཅོས་སྒྲིག་བྱས་པ།

“ད་ཆ་ང་ཚོ་ཚང་མས་གཙང་ཞིང་གྲལ་སྟར་འགྲིག་པའི་ཁྲོམ་གཞུང་འདི་འདྲར་གཅེས་སྤྲས་བྱེད་ཀྱི་ཡོད། ང་དང་ནང་མི་ཚོས་དུས་རྒྱུན་ནས་རླངས་འཁོར་རང་འགུལ་ངང་གནས་གཏན་འཁེལ་གྱི་རླངས་འཁོར་འཇོག་སར་རླངས་འཁོར་འཇོག་གི་ཡོད། རླངས་འཁོར་གོ་རིམ་ལྡན་པའི་ངང་འཇོག་རྒྱུ་ནི་ང་ཚོ་ཁ་ལོ་བ་ཚང་མས་བརྩི་སྲུང་བྱེད་དགོས་པའི་འགྲིམ་འགྲུལ་སྒྲིག་སྲོལ་ཞིག་ཡིན”ཞེས་གྲོང་མི་པ་སངས་དབང་མོས་གང་བསམ་ལྷུག་པོར་བཤད།

འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་འགལ་ངང་རླངས་འཁོར་བཞག་རིགས་ལ་མུ་མཐུད་ཆེད་དོན་བཅོས་སྒྲིག་བྱས་པ་རེད། བྱ་སྤྱོད་སྤེལ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་གྲོང་ཁུལ་གྱི་གཞུང་ལམ་ཨ་མ་དང་། སྡེ་ཁུལ། སྲང་ལམ་ཆེ་ཆུང་སོགས་ཁྲིམས་འགལ་ངང་རླངས་འཁོར་འཇོག་མང་བའི་ལམ་དུམ་གཙོ་གནད་ས་ཁོངས་སུ་བྱས་ནས“བརྙན་ལམ་སྐོར་བཤེར་དང་། སྟབས་བསྟུན་སྐོར་ཞིབ། དམིགས་འཛུགས་ཞིབ་བཤེར”བཅས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད། འཕྲུལ་སྒུལ་འཁོར་རིགས་ཀྱི་ལམ་དུམ་དུ་ཁྲིམས་འགལ་ངང་རླངས་འཁོར་གང་བྱུང་དུ་འཇོག་པ་དང་། རླངས་འཁོར་འཇོག་ས་མིན་པར་རླངས་འཁོར་འཇོག་པ། ལོང་ལམ་དུ་རླངས་འཁོར་འཇོག་པ། ཁ་ཕྱོགས་ལྡོག་ནས་རླངས་འཁོར་འཇོག་པ་སོགས་ཁྲིམས་འགལ་ངང་རླངས་འཁོར་བཞག་པའི་བྱེད་སྤྱོད་ལ་གཙོ་གནད་དུ་བཅོས་སྒྲིག་བྱས་པ་རེད།

འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ།

“ཕྲུ་གུས་རྟག་ཏུ་ང་ལ་སྦག་སྦག་གཏོང་དུས་སྲུང་ཞྭ་གྱོན་པ་དང་གློག་དམར་པོ་འབར་དུས་བསྐྱོད་རྒྱུ་མེད་ཅེས་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད། དེ་ནི་འགྲིམ་འགྲུལ་ཉེན་རྟོག་པས་སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་བཏང་བའི་བཀའ་དྲིན་ཡིན་པས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་སློབ་མའི་ཁྱིམ་བདག་ནོར་བུ་དབང་འདུས་ཀྱིས་དགའ་ཚོར་ཆེན་པོས་བརྗོད།

འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་གི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་གཙང་སེལ་བཅས་བྱ་ཆེད། འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་མུ་མཐུད་ཆེད་དོན་བཅོས་སྒྲིག་བྱས་པ་རེད།

བྱ་སྤྱོད་སྤེལ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཁ་ལོ་བའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆོས་ཉིད་གཞིར་བཟུང་། ཚན་རིག་དང་མཐུན་པའི་ངང་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་ཁ་ཏ་བསླབ་བྱ་དང་ཆད་པ་གཅོད་རྒྱུ་ཟུང་འབྲེལ་གྱིས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱིས་ཁ་ཕྱོགས་ལྡོག་ནས་སྐྱོད་པ་དང་། གློག་དམར་པོ་འབར་རུང་སྐྱོད་པ། གཏན་འཁེལ་གྱི་འཁོར་ལམ་དུ་མི་སྐྱོད་པ། ཁྲིམས་འགལ་ངང་ཉི་ཁེབས(ཆར་ཁེབས)བསྒར་བ། དེ་བཞིན་ཁ་ལོ་བ་དང་འགྲུལ་པས་བདེ་འཇགས་སྲུང་ཞྭ་མ་གྱོན་པ་སོགས་ཀྱི་བྱེད་སྤྱོད་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ཐག་གཅོད་དང་ཁ་ཏ་ཡོ་བསྲང་བྱས་པ་རེད།

གོམ་སྟབས་རྗེས་མར། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་མུ་མཐུད་རྡུང་རྡེག་ཚ་ནན་བཏང་སྟེ། འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཁ་ལོ་བ་དང་རྒྱ་ལམ་འགྲུལ་པའི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཟབ་ཏུ་ཧུར་ཐག་བཏང་ནས“ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་སྒྱུར་གལ་ཆེ་མཉམ་འཛིན”མཐའ་འཁྱོངས་ཀྱིས་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་རེད།

ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ།

ཟོག་འདྲེན་རླངས་འཁོར་དང་འབྲེལ་བ་ཡོད་པའི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་ནུས་ལྡན་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད། ད་ལྟ་སྤེལ་བཞིན་པའི་གྲོང་ཁྱེར་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་གི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལམ་ངོས་ཀྱི་དོ་དམ་ཚོད་འཛིན་ལ་དམིགས་ཏེ། དཔྱིད་རྨོད་སོ་ནམ་དུས་ཀྱི་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱལ་ལམ་109རྒྱུད་དུ་སྐྱོད་མཁན་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་ཧུར་ཐག་བྱས་ནས་ཟོག་འདྲེན་རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁར་སྔོན་འགོག་ནུས་ལྡན་བྱས་པ་རེད།

བྱ་སྤྱོད་སྤེལ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཚན་རིག་དང་མཐུན་པའི་སྒོ་ནས་ལས་སྒྲུབ་བཀོད་སྒྲིག་ལེགས་སྒྲིག་བྱས་པ་དང་། གཏན་འཇགས་ས་ཚིགས་འཛུགས་པ་དང་སྐོར་སྐྱོད་ཞིབ་བཤེར་བྱ་ཐབས་སྤྱད་དེ། གཙོ་གནད་དུས་མཚམས་དང་ལམ་དུམ་གཙོ་བོར་སྐོར་བཤེར་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ངལ་དུབ་ཡོད་བཞིན་ཟོག་འདྲེན་རླངས་འཁོར་གཏོང་བ་དང་། དངོས་ཟོག་ཚད་ལས་བརྒལ་ནས་བླུགས་པ། ཁྲིམས་འགལ་ངང་རླངས་འཁོར་སྒྲིག་བཟོ་བྱས་པ། དུས་ཚོད་ཡོལ་རུང་ཞིབ་བཤེར་མ་བྱས་པ། བཀག་རྒྱའི་མཚོན་རྟགས་ལས་འགལ་བ་སོགས་རྒྱུན་མཐོང་གི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཏེ། “ཐར་པར་གཏན་ནས་མི་གཏོང་བ་དང་། ཁྲིམས་ལས་འགལ་ཕྱིན་བཅོས་སྒྲིག་བྱེད་པ། ཁྲིམས་སྒྱུར་ནན་པོ་བྱེད་པ”བཅས་ཀྱི་ལས་ཀའི་རྣམ་འགྱུར་ཐོག་ནས་ཁྲིམས་འགལ་གྱི་ཟོག་འདྲེན་རླངས་འཁོར་ཚང་མར་ཞིབ་བཤེར་ནན་པོ་དང་ཐག་གཅོད་ནན་པོ་བྱས་པ་རེད།

(སྐལ་མཆོག་གིས་བསྒྱུར། པ་སངས་ཀྱིས་ཞུས)