《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月21日

༄༅། །རང་རྒྱུད་ལ་ཤེས་རབ་ཀྱི་གོ་ཆ་སྤྲོས་ཤིག

—— འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་ཉེར་དགུ་པར་ཕུལ།

བསོད་ནམས།

ཕྲ་རགས་ཚན་རྩལ་གོ་ཆ་སྣ་ཚོགས་ཤིང་། །

སྲོལ་རྒྱུན་ཆོ་ག་གང་དང་ཅི་ཡིས་ཀྱང་། །

འགོག་པར་ནུས་མིན་དུས་ཀྱི་འཁོར་ལོ་ཡིས། །

སླར་ཡང་འཛམ་གླིང་དཔེ་ཀློག་ཉིན་མོ་བསུས། །

དཔེ་ཀློག་དྲན་གསོའི་ཉིན་བྱེད་ཤར་བའི་ཚེ། །

ཇི་ཙམ་ལྟ་ཀློག་བགྱིས་པའི་དཔེ་དེབ་ཀྱི། །

ངོ་གྲངས་པད་མ་བསྐྱངས་པ་བགྲང་དགོས་ཕྱིར། །

རང་རང་སོ་སོས་ཁོག་རྩིས་སྐྱོན་རན་སོང་། །

དམག་འཁྲུག་ནད་ཡམས་མུ་གེ་ལ་སོགས་པ། །

མི་མཐུན་ཕྱོགས་དང་བྲལ་བའི་དུས་བཟང་པོ། །

དཔེ་ཀློག་ཤེས་བྱའི་མཐུན་རྐྱེན་འཛོམས་པ་ཉིད། །

བདག་ཚོའི་བསྟོད་བྱར་ཅིས་ཀྱང་མི་འོས་སམ། །

འཇིག་རྟེན་འདི་རུ་ལྟེ་ཁྲག་འཕོས་པས་ན། །

ཆོས་སྲིད་ལ་སོགས་བྱ་གཞག་ཅི་སྒྲུབ་ཀྱང་། །

ཤེས་རབ་གོ་ཆས་སྒོ་གསུམ་བརྒྱན་འོས་ཕྱིར། །

དཔེ་ཀློག་དཀའ་བ་དང་དུ་ལེན་པར་འོས། །

རྨོངས་པའི་སྨག་གིས་བཏུམས་པའི་ཀླད་པའི་མཚོར། །

ཤེས་བྱའི་སྣང་བྱེད་རབ་ཏུ་འཚེར་བའི་ཕྱིར། །

ལེ་ལོ་རྣམ་གཡེང་དགྲ་བོ་ཕྱིར་སྐྲོད་པའི། །

རིག་པའི་གོ་མཚོན་དཔེ་དེབ་གདམ་གར་བྱོས། །

དཔལ་དང་འབྱོར་བ་རྒྱས་པའི་གཏམ་བཟང་པོ། །

སྒྲ་འཛིན་དབང་པོའི་གསོས་སུ་གྱུར་བས་ཀྱང་། །

ཕྱུག་བདག་བླུན་པོའི་ཐ་སྙད་བཟློག་མིན་ཏེ། །

དཔེ་དེབ་བཀླགས་ནས་ཤེས་སྒྲིབ་ཞི་བར་མཛོད། །

དུས་རབས་རིམ་པར་བྱོན་པའི་མཁས་པའི་དབང་། །

འཇིག་རྟེན་ཕྱི་མར་གཤེགས་པའི་ཤུལ་བཞག་ཉིད། །

དགོས་འདོད་ཀུན་འབྱུང་ཤེས་བྱའི་དཔེ་དེབ་ཚོགས། །

ཁོང་དུ་ཆུད་པར་དུས་ཚོད་འགྱངས་མི་ཉན། །

ཇ་ཆང་གསོལ་སྟོན་དགའ་འཛོམས་འདྲ་མིན་སྤྱི། །

འཇིག་རྟེན་འཚོ་བའི་སྙིང་བུའི་ཆར་གཏོགས་ཀྱང་། །

འཕྲལ་ཕུགས་གང་གི་བགྲོད་ལམ་མི་འཛོལ་བའི། །

ཕྱོགས་སྟོན་ཤེས་བྱའི་ནོར་བུ་ཁོ་ནར་ངེས། །

དེང་འདིར་སྤྱི་ཚོགས་གོང་འཕེལ་རྟགས་མཚན་དུ། །

འདོད་རྒུར་ལོངས་སུ་སྤྱོད་པའི་རྐྱེན་མང་པོར། །

མི་རྣམས་ཕལ་ཆེར་རྣམ་གཡེང་ཆེ་བ་དེས། །

དཔེ་ཀློག་དུས་ཁོམ་འཕྲོག་པ་བཅོས་པར་འཚལ། །

ཟ་འོག་ཐེར་མ་སོགས་ཀྱི་གོས་ལྷམ་དང་། །

གསེར་དངུལ་མུ་ཏིག་ལ་སོགས་རིན་པོ་ཆེའི། །

རྒྱན་ཆའི་ཚོགས་ཀྱིས་སྒྱུ་ལུས་མཛེས་གྱུར་ཀྱང་། །

ཀླད་པ་ཤེས་བྱས་རྨོངས་པ་སེལ་ནུས་མིན། །

འཇིག་རྟེན་ལེགས་ཉེས་བྱ་བ་ཡོད་དོ་ཅོག །

གང་དང་ཅི་ཡིན་མ་འཛོལ་ཤན་འབྱེད་པའི། །

རྣམ་དཔྱོད་འོད་སྟོང་འབར་བའི་མཚན་ཉིད་དེ། །

སྒོ་གསུམ་ཤེས་བྱའི་དབྱིག་གིས་བརྒྱན་དེར་དབང་། །

འཚོ་གོས་སྡོད་གསུམ་ཡང་ནས་ཡང་དུ་འཕེལ། །

ཟ་འཐུང་ལོངས་སྤྱོད་གང་དགོས་ཅི་དགོས་འཛོམས།

འོན་ཀྱང་ཚན་རྩལ་ཁོང་དུ་མ་ཆུད་དེ། །

དཔེ་དེབ་ཤེས་བྱར་ཞེན་པ་ལོག་པར་ཐུག །

ཕྱུག་ཚོད་མི་ཟིན་ཟ་རྒྱགས་སྤྱོད་གསུམ་དང་། །

དབུལ་པོ་མི་བཅོས་འཁྱམ་མྱུལ་ལང་ཤོར་སོགས། །

སྤྱི་ཚོགས་ཁྱིམ་ཚང་རྒུད་པའི་ཉེན་ཁའི་ནད། །

དཔེ་ཀློག་ཤེས་བྱའི་སྨན་གྱིས་གསོ་བར་མཛོད། །

ཉིན་ལྟར་སྔ་དྲོར་ཇ་ཁང་ཀྲིག་ཅར་ཏེ། །

ས་སྲོད་ཆང་ཁང་མཱ་ཅང་རྒྱན་འགྱེད་ཀྱི། །

གོམ་ཁ་དཔེ་ཁང་ཕྱོགས་སུ་བསྒྱུར་བ་ཡིས། །

ཤེས་བྱ་རིན་ཆེན་དོ་ཤལ་བཞེས་པར་ཕེབས། །

ལུས་ངག་ཡིད་ལ་དམ་པོར་འཁྲིལ་བ་ཡི། །

ཉོན་མོངས་དུག་གསུམ་འདུལ་བའི་ཤེས་བྱ་སྟེ། །

ཀུན་གྱི་སྤྱི་བོས་མཆོད་པའི་ཡོན་ཏན་ནོར། །

དཔེ་དེབ་རྒྱུན་སྲིང་བཀླགས་པས་ཐོབ་པར་གྱུར། །

ཚིག་གི་སྦྱོར་བ་སྟར་ལ་བརྒྱུས་པ་ཡི། །

དོན་བཟང་མི་ཆོས་བསླབ་གཞིའི་དཔེ་དེབ་ཉིད། །

མིག་གི་དགྲ་ཟླར་ལངས་པ་ལྟ་བུ་ཡི། །

སྐྱེ་བོ་དམན་པ་མུན་ནས་མུན་མཐར་འགྲོ། །

ཇ་ལན་ཆུ་འཇལ་དྲིན་གཟོ་མི་ཤེས་ཤིང་། །

དྲིན་ལན་རྡོ་རྡུང་འཇོན་ཐང་ཡིན་པར་རློམ། །

ལེགས་ཉེས་བླང་དོར་བློ་མིག་ལྡོང་བའི་སྐྱོན། །

འཇོམས་ལ་མཁས་པ་དཔེ་ཀློག་ཤེས་བྱར་ངེས། །

སྒོམ་སྒྲུབ་བསམ་གཏན་ཁང་དང་དབྱེར་མེད་པའི། །

དཔེ་དེབ་ཁང་བཟང་ཕྱོགས་ལ་བློ་གཏད་ཅིང་། །

འཁྱམ་མྱུལ་ལང་ཤོར་རྐང་གཉིས་བློས་གཅུན་ཏེ། །

ཤེས་བྱའི་བདུད་རྩི་ལོངས་སུ་སྤྱོད་པར་ཕེབས། །

མི་རབས་གོང་མའི་བརྩོན་འགྲུས་ཐུགས་བསྐྱེད་ཅིང་། །

ཞིང་སར་འཁྲུངས་པའི་བསྟན་བཅོས་རིན་ཆེན་གསེར། །

ནོར་དུ་འཛིན་ནས་ལྟ་ཀློག་བགྱིས་པའི་ཚེ། །

ཚེ་འདིའི་མི་ལུས་དོན་ལྡན་ཅི་ལ་མིན། །

ནོར་རྫས་ཅི་བྱུང་ངོམས་པ་མེད་པ་ཡི། །

འདོད་འདུན་དྲག་པོའི་ཁ་ལོ་ཚུར་གཅུས་ཏེ། །

ཚིམ་པ་ནམ་ཡང་མེད་པའི་འདོད་ཞེན་ཞིག །

དཔེ་ཀློག་ཤེས་བྱ་ལེན་པར་འཆང་བར་མཛོད། །