《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月19日

རྩེར་སོན་སྤུས་ཚད་གཏོད། དཔེ་བཟང་བརྩོན་ལེན་བྱེད།

—— ལྷ་ས་གྲོང་ཁྱེར་གྱིས་སྲིད་གཞུང་གི་སྤུས་ཚད་བྱ་དགའ་སྐབས་བཞི་པ་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་པ།

པར་①ནི་བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སི་སོགས་ཚན་པས་བོད་ཀྱི་སྤུས་ཚད་བྱ་དགའ་ལེན་བཞིན་པ།

པར་②ནི་ཡུས་ཧྲེང་ཧོ་མིན་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་འཁྲབ་སྟོན་པས《འུན་ཤིང་ཀོང་ཇོའི》ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་འཁྲབ་བཞིན་པ།

པར་③ནི་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་སྨན་དོན་མི་སྣས་ནད་པར་གཅིག་གཏད་གཅིག་གི་སྐད་བརྡའི་སྦྱོང་བརྡར་བྱེད་བཞིན་པ།

པར་④ནི་ལྷ་ས་ས་གཙང་བོད་བྱ་གསོ་ཚགས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འཁོར་ཁང་གི་ལས་དོན་མི་སྣས་སྒོ་ངར་ཞིབ་བཤེར་བྱེད་བཞིན་པ།

པར་⑤ནིབོད་ལྗོངས་ཝ་ཧ་ཧ་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་མིས་འཐུང་བྱར་ཞིབ་བཤེར་བྱེད་བཞིན་པ།

པར་⑥ནི《འུན་ཤིང་ཀོང་ཇོའི》རྣམ་གྲངས་ལ་བརྟེན་ནས་ཚེ་མཆོག་གླིང་གི་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ལམ་བུ་བཏོད་པ།

“ཧྥུའུ་ཁང་སྨན་ཁང་ནི་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་ལས་རིགས་ཁྲོད་སྤུས་ཚད་བྱ་དགའ་ཐོག་མ་ཐོབ་མཁན་གྱི་ཚན་པ་ཡིན་པས་ང་ཚོས་མིག་རྒྱང་དེ་བས་མཐོ་བའི་དམིགས་ཚད་ལ་ཕྱོགས་ཏེ་འབད་བརྩོན་ལྷོད་མེད་ཀྱིས་བོད་ཀྱི་འཐུས་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་སྤུས་ཚད་བྱ་དགའ་བརྩོན་ལེན་བྱ་རྒྱུ་ཡིན། ཕུལ་བྱུང་གི་གྲུབ་འབྲས་དོན་གཉེར་བྱེད་པ་དང་སྨན་བཅོས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཚེ་གཞི་ནས་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཝང་པིན་གྱིས་བཤད།

ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་བྱ་དགའ་སྐབས་གསུམ་གྲུབ་འབྲས་ཐོབ་པའི་ངང་གཉེར་ཟིན་ཞིང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་བྱ་དགའ་དང་སྤུས་ཚད་དོ་དམ་གྱི་ཕུལ་བྱུང་བྱ་དགའ་ལོ་གཉིས་རེར་དཔྱད་འདེམས་ཐེངས་རེ་བྱེད་ཀྱི་ཡོད། དེའི་དམིགས་ཡུལ་ནི་སྤུས་ཚད་དོ་དམ་བྱེད་སྟངས་དང་དོ་དམ་ལམ་ལུགས་ཀྱི་ཁྱབ་ཁོངས་སུ་གསར་གཏོད་གྲུབ་འབྲས་གལ་ཆེན་ཐོབ་པའི་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ཁག་གི་སྤུས་ཚད་དོ་དམ་ལ་མིག་དཔེའི་ནུས་པ་ཐོན་ཆེད་རེད།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་གིས་སྤུས་ཚད་དོ་དམ་ལ་ཤུགས་སྣོན་དང་། ཕུལ་བྱུང་གི་གྲུབ་འབྲས་དོན་གཉེར། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཅས་ལ་ཁྲིད་སྟོན་དང་ལྕག་སྐུལ་བྱ་ཆེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་སྲིད་གཞུང་གི་སྤུས་ཚད་བྱ་དགའ་སྐབས་བཞི་པ་རེ་ཞུའི་ལས་དོན་སྤེལ་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་བྱ་དགའ་སྐབས་དང་པོ་དང་། གཉིས་པ། གསུམ་པ་དེ་2016ལོ་དང། 2019ལོ། 2021ལོ་བཅས་སོ་སོར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། བྱ་དགའ་སྒོར་ཁྲི་50དང་། སྒོར་ཁྲི་70 སྒོར་ཁྲི་50བཅས་སྐབས་སོ་སོར་སྤྲད་པ་རེད། བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་མཐོ་རྩོད་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སི། བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སི་བཅས་ལ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་བྱ་དགའ་ཐོབ་པ་དང་། བོད་ལྗོངས་ཧུང་ཧྥ་ཨར་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཙང་ཡོན་ཆང་ལས་ཚད་ཡོད་ཀུང་སི། བོད་ལྗོངས་གསེར་གྱི་ཁ་བཏགས་བལ་གྱི་ཐོན་རྫས་ཚད་ཡོད་ཀུང་སི། ཡུས་ཧྲང་ཧོ་མིན་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི། ལྷ་སའི་གནམ་མཚོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་གསར་སྤེལ་ཚད་ཡོད་ཀུང་སི། བོད་ལྗོངས་གནམ་སའི་སྔོ་ལྗང་བཏུང་བྱ་འཕེལ་རྒྱས་ཚད་ཡོད་ཀུང་སི། ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་ཝ་ཧ་ཧ་བཟའ་བཅའ་ཚད་ཡོད་ཀུང་སི་བཅས་ལ་ལྷ་ས་གྲོང་ཁྱེར་སྤུས་ཚད་དོ་དམ་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

བརྒྱད་གཅིག་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་རིམ་སྤོར་སྒྱུར་བཀོད་ནི། ལྷ་ས་གྲོང་ཁྱེར་གྱི་ས་གཙང་བདེ་ཐང་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་བཏང་བའི་མཚོན་ཚུལ་ཞིག་རེད། 2023ལོར་ལྷ་ས་གྲོང་ཁྱེར་ས་གཙང་ཚོགས་པས་རྣམ་གྲངས་གལ་ཆེན་ཁག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ས་གཙང་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་གཏོང་དང་། བོད་བྱ་གསོ་ཚགས་ར་བ་རིམ་སྤོར་སྒྱུར་བཀོད། བོད་ལྗོངས་ཏཱ་ཀྲའོ་གནས་ཆུ་ཁེ་ལས་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཏཱ་ཀྲའོ་ནས་ཕྱེའི་ཏན་ཞིམ་བཟའ་བཅའ་ཚད་ཡོད་ཀུང་སི་མཉམ་ལས་བྱས་ནས་བཙུགས་པ་སོགས་བྱས་ཏེ་མཛོད་ཉར་དང་། དབྱེ་གསེད། ཞིབ་དཔྱད། ལས་སྣོན། སྡེབ་སྐྱེལ་བཅས་གཞི་གཅིག་ཏུ་འདུས་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2ལྷག་ཙམ་ཟིན་པའི་འགན་ལེན་མཁོ་སྤྲོད་རྟེན་གཞི་བཙུགས་ནས་ལས་གཉེར་བྱེད་འགོ་ཚུགས་ཡོད།

“ཚོགས་པས‘ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་དོ་དམ་གྱི་ཕུལ་བྱུང་བྱ་དགའ་སྐབས་གསུམ་པའི’གཟི་བརྗིད་མཚན་སྙན་དེ་གོ་སྐབས་སུ་བྱས་ཏེ། སྤུས་ཚད་ལ་བརྟེན་ནས་ཁྲོམ་ར་རྒྱ་བསྐྱེད་དང་། སྤུས་ཚད་ལ་བརྟེན་ནས་སྤུས་རྟགས་གཏོད་པ། སྤུས་ཚད་ལ་བརྟེན་ནས་དངོས་སྟོབས་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཁེ་ལས་ཀྱི་སྤུས་ཚད་དོ་དམ་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས‘ལྷ་སའི་ས་གཙང’ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ། ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་སྤུས་འབོར་གཉིས་འཕར་ཡོང་བར་སྐུལ་འདེད་བཏང་ཡོད”ཅེས་ལྷ་ས་གྲོང་ཁྱེར་ས་གཙང་ཚོགས་པའི་འགན་འཁུར་བས་བཤད།

སྲིད་གཞུང་གི་སྤུས་ཚད་བྱ་དགའ་དཔྱད་འདེམས་བྱས་ཚུན། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་དོ་དམ་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད། སྲིད་གཞུང་གི་སྤུས་ཚད་བྱ་དགའ་བཙུགས་པ་དེས་སྲིད་གཞུང་སྡེ་ཚན་གྱིས་ཞབས་ཞུའི་སྤུས་ཚད་ལ་དེ་བས་མཐོང་ཆེན་བྱ་རྒྱུར་སྐུལ་ལྕག་དང་། སྲིད་གཞུང་གི་ཞབས་ཞུ་ཚད་ལྡན་ཅན་དང་ཆེད་ལས་ཅན་དུ་འགྱུར་བ། སྲིད་གཞུང་གི་ལས་ཕྱོད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ། ཁེ་ལས་ཀྱི་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་ཁེ་ལས་ཀྱི་དོ་དམ་ཆུ་ཚད་དང་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། སྲིད་གཞུང་གི་སྤུས་ཚད་བྱ་དགའ་སྤྲད་པ་དེས་བྱ་དགའ་ཐོབ་མཁན་ཁེ་ལས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། སྲིད་གཞུང་གི་ལས་དོན་དྲིལ་བསྒྲགས་དང་གྲུབ་འབྲས་སྟོན་པ་ཞིག་ཀྱང་ཡིན་པས། ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་དང་མཚན་སྙན་ཆེ་རུ་ཕྱིན་ནས་ལྷ་སར་མ་འཇོག་བྱེད་མཁན་གྱི་ཡིད་དབང་རབ་ཏུ་བཀུག་ཡོད།