《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月17日

ལྷ་ས་གྲོང་ཁྱེར་གྱི་དམངས་སྲིད་སྡེ་ཚན་ཁག་གིས།

དྲོ་སྐྱིད་མཚོན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་ཆེད། ཟླ་བ་2པ་ནས་བཟུང་། ལྷ་ས་གྲོང་ཁྱེར་དམངས་སྲིད་སྡེ་ཚན་ཁག་གིས་དྲོ་སྐྱིད་མཚོན་པའི་བྱེད་སྒོ་ཐེངས་27སྤེལ་ཞིང་། དཀའ་ངལ་ཡོད་པའི་མང་ཚོགས་640ལ་ཁྱབ་ཡོད་པ་རེད།

སྟོད་ལུང་བདེ་ཆེན་ཆུས་དམངས་སྲིད་ཅུས་ཀྱིས་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་མཉམ་འབྲེལ་ཐོག“བདེ་སྐྱིད་ལྡན་པའི་ཚེ་མཇུག སྤྲོ་སྣང་ལྡན་པའི་སློབ་སྦྱོང”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་རིང་ཆེད་ལས་དགེ་རྒན་གདན་དྲངས་ཏེ་སྡེ་ཁུལ་གྱི་རྒན་རྒོན་ཚོར་ཡིག་གཟུགས་སློབ་ཚན་ཁྲིད་པ་དེས་རྒན་རྒོན་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། རྒན་རྒོན་ཚོའི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།

སྟག་རྩེ་ཆུས་དམངས་སྲིད་ཅུས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་དང་དེ་བཞིན་ལྟེ་གནས་དེའི་ལས་དོན་པ་ཡོངས་སྒྲིག་འཛུགས་བྱས་ནས་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་སྐོར་གྱི་ཞིབ་འཇུག་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་642.6གཏོང་རྩིས་ཡོད་པ་རེད།

ཆུ་ཤུར་རྫོང་དམངས་སྲིད་ཅུས་ཀྱིས་ཆུ་ཤུར་རྫོང“གསུམ་ལྡན་གྲོང་ཚོར”མ་དངུལ་སྒོར་ཁྲི་353བཏང་ནས“རྒན་གསོའི་ས་ཚིགས”བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་ས་ཚིགས་སུ་འཕྲོད་སྦྱོར་ཁང་དང་། སྨན་རྫས་མཛོད། བུ་བཅོལ་ལྟེ་གནས། རྒན་རྒོན་བྱེད་སྒོ་ལྟེ་གནས་སོགས་བཙུགས་པས། རྒན་གསོ་དང་བུ་བཅོལ་གཞི་གཅིག་ཅན་གྱི“བདེ་སྐྱིད་ས་ཚིགས”ཤིག་རིམ་བཞིན་ཆགས་ཡོད་པ་རེད།

སྙེ་མོ་རྫོང་དམངས་སྲིད་ཅུས་ཀྱིས་སྙེ་མོ་རྫོང་གི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལྟེ་གནས་སུ“ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག”གི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ན་སོ་དར་ལ་མ་བབས་པའི་མིས་དྲ་རྒྱའི་ཁ་བསླུས་ཤེས་རྟོགས་ལ་ཤུགས་སྣོན་དང་ན་སོ་དར་ལ་མ་བབས་པའི་མིའི་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་བཏང་བ་རེད།

ལྷུན་གྲུབ་རྫོང་དམངས་སྲིད་ཅུས་ཀྱིས་གཞི་རིམ་གྱི་དཔལ་འབྱོར་མི་སྣ་དང་མཉམ་དུ། ནུས་པ་ཤོར་བ་དང་ནུས་པ་ཕྱེད་ཀ་ཤོར་བའི་རྒན་རྒོན་ལ་གཅེས་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་ཞིང་། ངར་ནང་ཤང་གི་རྒན་རྒོན་48ཀྱི་ཁྱིམ་དུ་བསྐྱོད་དེ་གསལ་འབྱེད་བྱས་པ་དང་ཏང་དང་སྡེ་ཁུལ་གྱི་དྲོ་སྐྱིད་དང་ཐུགས་ཁུར་རྒན་རྒོན་ཚོས་ཚོར་བར་བྱས་པ་རེད།

མལ་གྲོ་གུང་དཀར་རྫོང་དམངས་སྲིད་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཧུའེ་ཀེ་དམངས་བདེ་སྨན་ཁང་དང་མཉམ་དུ། མལ་གྲོ་གུང་དཀར་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ་བདེ་ཐང་བརྟག་དཔྱད་བྱས་པ་མ་ཟད། རིན་མེད་ངང་རྒན་རྒོན་ལ་གཟུགས་པོ་བརྟག་དཔྱད་དང་། ཁྲག་ཤེད་ལྟ་བ། དྲག་སྐྱེད་སྦྱོང་བརྡར། གསེར་ཁབ་རྒྱག་པ། མེ་ཕོར་རྒྱག་པ་སོགས་ཀྱི་ཞབས་འདེགས་ཞུས་པ་རེད།