འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་ས་མཐོའི་སྔོ་ལྗང་སྐྱེ་ཁམས་ཁོར་ཡུག་སྔར་བས་སྐྲུན་ཆེད། ཉེ་ཆར། ལྷུན་གྲུབ་རྫོང་གིས་དཔྱིད་ཀྱི་དུས་བཟང་དམ་འཛིན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རྫོང་ཁོངས་ཀྱི་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།
དཔྱིད་དུས་ནི་སྔོ་འགྱུར་བདག་སྐྱོང་གི་འགག་རྩའི་དུས་ཤིག་ཡིན་པས། ས་རྒྱུའི་གནས་ཚུལ་དང་འོད་འཕྲོ་ཚུལ་སོགས་ལ་བརྟག་ཞིབ་གང་ལེགས་བྱས་ཏེ་བཀོད་སྒྲིག་ལུགས་མཐུན་བྱས་ཤིང་། ཁོར་ཡུག་ལ་འཚམ་པའི་སྤུས་ལེགས་ཤིང་སྣ་འདེམས་པ་དང་ལོ་དམར་ལི་དང་། མེ་ཏོག་རྒྱ་སེ། ཤུག་པ། ཤུན་དཀར་སོམ་ཤིང་། ཁམ་སྡོང་བཅས་རིགས་ལྔ་ཡི་སྡོང་ཕྲུག་2560ཙམ་ཉོས་པ་དང་། ལྗོན་ཤིང་དབར་གྱི་བར་ཐག་དང་། འདེབས་ཡུལ། ས་དོང་གི་གཏིང་ཚད་སོགས་ལ་འཆར་འགོད་ལུགས་མཐུན་བྱས་པ། “ལམ་བུ་རེར་མཛེས་ལྗོངས་རེའི”གཞུང་ལམ་གྱི་སྔོ་འགྱུར་དྲ་བ་ཧུར་ཐག་སྐྲུན་པ་བཅས་བྱས་ནས། དཔྱིད་དུས་ཀྱི་ལྗོན་ཤིང་འདེབས་འཛུགས་གོང་གི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་སྤེལ་ཏེ་ཤིང་འཛུགས་བྱེད་སྒོ་བདེ་བླག་ཡོང་བར་འགན་ལེན་བྱས་པ་རེད།