《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月17日

གློག་སྒུལ་སྦག་སྦག་སྤྱོད་མཁན་གྱིས་བསམ་བློ་འདི་གསུམ་ཟབ་ཏུ་གཏོང་དགོས།

ཟླ་བ་ཚེ་རིང་།

འགྲིམ་འགྲུལ་ཡོ་བྱད་ཀྱི་ཡ་གྱལ་ཞིག་ཏུ་གྱུར་པའི་གློག་སྒུལ་སྦག་སྦག་ལ་འགྲོ་སོང་ཆུང་བ་དང་། སྟབས་བདེ་བ། ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པ་སོགས་ཀྱི་ཁྱད་ཆོས་གང་མང་ཞིག་མངའ་བས་ན། དེང་གི་ཆར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཕལ་ཆེ་བས་གློག་སྒུལ་སྦག་སྦག་དེ་ཉིད་འགྲིམ་འགྲུལ་ཡོ་བྱད་གཙོ་གྲས་སུ་བརྩིས་ཀྱི་ཡོད། འོན་ཀྱང་། སྤྱོད་མཁན་ཁག་གཅིག་གིས་གློག་སྒུལ་སྦག་སྦག་བེད་སྤྱོད་ཚད་ལྡན་ནམ་ཡང་དག་མ་བྱས་པའི་རྐྱེན་གྱིས། རང་ཁྱིམ་དང་སྡེ་ཁུལ་སོགས་སུ་མེ་སྐྱོན་མི་ཉུང་བ་ཞིག་ཐོན་ཡོད་པ་དང་། སྐབས་ལ་ལར་མི་ལུས་རྒྱུ་ནོར་ལ་གནོད་འཚེ་བཟོ་བའི་མི་ཡུལ་གྱི་སྐྱོ་གར་ཡང་བྱུང་མྱོང་ཡོད།

དེས་ན་གློག་སྒུལ་སྦག་སྦག་ལ་བཅོས་སྒྲིག་བྱེད་རྒྱུ་དེ་ནར་འགྱངས་གཏན་ནས་བྱེད་མི་རུང་བའི་མཚམས་སུ་སླེབས་ཏེ། འབྲེལ་ཡོད་ཚན་པ་ཁག་ནས་བྱ་ཐབས་རབ་དང་རིམ་པར་བརྟེན་ནས་བཅོས་སྒྲིག་ལས་དོན་སྤེལ་ཡོད་ཅིང་། བཅོས་སྒྲིག་ལའང་ཕན་འབྲས་ཧ་ཅང་བཟང་པོ་ཐོན་ཡོད། ཕན་འབྲས་བཟང་པོ་དེ་དག་རྨང་གཞིར་བྱས་ཐོག ཡག་ཐོག་ཡག་བརྩེགས་དང་གཡང་རྩེའི་སྒང་ལ་ཡས་སྒྲོན་གྱི་དཔེ་ལྟར་གློག་སྒུལ་སྦག་སྦག་སྤྱོད་མཁན་གྱིས་རང་ཉིད་ཀྱི་རང་འགུལ་གྱི་སེམས་བློ་དང་། མེ་སྐྱོན་སྔོན་འགོག་གི་བསམ་བློ། འགན་འཁྲིའི་བསམ་བློ་བཅས་གཏིང་ཟབ་ཏུ་གཏོང་དགོས།

དེའང་གཅིག་ནས་གློག་སྒུལ་སྦག་སྦག་ཉོ་སྐབས། མིག་མདུན་གྱི་རིན་གོང་ཁེ་པོ་ཁོ་ནར་མི་ལྟ་བར་ཐོན་རྫས་ཀྱི་སྤུས་ཚད་ཚད་གཞི་ལོན་མིན་དང་C3བདེན་དཔང་ཡོད་མེད་སོགས་ལ་ལྟ་བའི་རང་འགུལ་གྱི་བསམ་བློ་དང་། གཉིས་ནས་གློག་སྒུལ་སྦག་སྦག་ལ་གློག་གསོག་སྐབས། གློག་སྐུད་གང་བྱུང་དུ་མི་འཐེན་པ་དང་། ཚད་གཞི་ལོན་པའི་གློག་སྐུད་སྤྱོད་པ། གློག་སྒུལ་སྦག་སྦག་གི་གློག་རྫས་ལ་རྒྱུན་དུ་ཞིབ་བཤེར་བྱེད་པ་སོགས་ཀྱི་མེ་སྐྱོན་སྔོན་འགོག་གི་བསམ་བློ་དང་། གསུམ་ནས་གློག་སྒུལ་སྦག་སྦག་བཏང་ནས་གློག་སྐས་ནང་མི་འཛུལ་བ་དང་། ཁང་པའི་ནང་ནས་གློག་སྒུལ་སྦག་སྦག་ལ་གློག་མི་གསོག་པ་སོགས་གྲོང་པ་ཁྱིམ་མཚེས་ཀྱི་མི་ལུས་རྒྱུ་ནོར་ལ་འགན་འཁུར་བའི་འགན་འཁྲིའི་བསམ་བློ་བཅས་བསམ་བློ་འདི་གསུམ་ངེས་པར་དུ་ཟབ་ཏུ་གཏོང་དགོས།