འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་མ་ནག་ཆུ་བེད་ལྟེ་གནས་དོ་དམ་ཅུས(བསྡུས་མིང་ལ་མ་ནག་དོ་དམ་ཅུས་ཟེར)ཀྱིས་མྱང་ཆུ་གཙང་པོའི་འབབ་རྒྱུད་ཀྱི་དཔྱིད་ཆུ་མཁོ་འདོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པ་འཚོགས་ཏེ། མྱང་ཆུ་གཙང་པོའི་འབབ་རྒྱུད་ཀྱི་ཞིང་ཁ་དང་། ནགས་ཚལ། ན་ཁ་བཅས་མུའུ་ཁྲི་65ཡི་ཆུ་འགན་ལེན་བྱས་ནས་འབྲུ་རིགས་ཐོན་འབབ་བརྟན་པོ་དང་འབབ་འཕར་ཡོང་བའི་འགན་ལེན་བྱས་པ་རེད།
ཚོགས་འདུའི་ཐོག་2024ལོའི་དཔྱིད་དུས་ཀྱི་ཆུ་ཟླ་4ཚེས་2ཉིན་ནས་གཏོང་འགོ་ཚུགས་པ་དང་ཟླ་7ཚེས་16ཉིན་གཏོང་མཚམས་འཇོག་རྒྱུ་ཡིན་ཞིང་། ཆུ་གཏོང་བའི་དུས་ཡུན་ཉིན་106གཏན་འཁེལ་བྱས་པ་དེ་དུས་མཚམས་ལྔ་ལ་དབྱེ་ཡོད་པ་རེད། དཔྱིད་ཆུ་གཏོང་རིང་མ་ནག་དང་གྲུམ་པ་གཡུ་མཚོའི་ཆུ་མཛོད་ནས་མཉམ་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.2792མཁོ་འདོན་བྱ་རྩིས་ཡོད་པ་དེ་2023ལོ་ལས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2646གིས་མང་བ་ཡོད་པ་རེད། མ་ནག་དོ་དམ་ཅུས་ཀྱིས་གཙང་པོའི་སྨད་རྒྱུད་ཀྱི་ལོ་ཏོག་གི་ཆུའི་དགོས་མཁོ་དང་ཆུ་མཛོད་ཀྱི་ཆུ་གསོག་གནས་ཚུལ་ལ་གཞིགས་ནས་ཆུ་ཡུར་དུ་གྲལ་བཤེར་བྱས་ཏེ། ཆུ་ཡུར་ནས་ཆུ་ལེན་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་བདེ་འཇགས་ངང་གཏོང་ཐུབ་པའི་འགན་ལེན་བྱས་ཏེ། ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་བེད་སྤྱོད་གང་ལེགས་ཡོང་བ་བྱ་རྒྱུ་རེད།