འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ཚོད་ལྟ་འགོ་ཚུགས་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་འཚོགས་པ་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་རིག་དངོས་ཡོངས་བཤེར་སྡེ་ཚན་གྱི་ལས་དོན་མི་སྣ་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་ནང་། ངོས་འཛིན་བྱས་ཟིན་ལ(ཐོ་འགོད)རྩིས་སྤྲོད་མི་རུང་བའི་རིག་དངོས་ལ་བསྐྱར་ཞིབ་ལེགས་སྒྲུབ་བྱེད་པ་དང་། གསར་དུ་ཤེས་རྟོགས་བྱུང་བའི་རྩིས་སྤྲོད་མི་རུང་བའི་རིག་དངོས་ལ་བརྟག་དཔྱད་དང་། ཐོ་འགོད། ངོས་འཛིན་བཅས་བྱེད་པ། རྩིས་སྤྲོད་མི་རུང་བའི་རིག་དངོས་ཐོན་ཁུངས་ཀྱི་དཀར་ཆག་བཟོ་བ། ཡོངས་བཤེར་གྲུབ་འབྲས་ཕྱོགས་བསྡུས་བྱེད་པ། རིག་དངོས་སྲུང་སྐྱོང་དཔུང་ཁག་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་སོགས་ཚུད་ཡོད་པ་རེད། དེ་དང་ཆབས་ཅིག་ད་ཐེངས་ཀྱི་རིག་དངོས་ཡོངས་བཤེར་ལས་དོན་ནང་ལྗོངས་ཡོངས་ཀྱི་རྩིས་སྤྲོད་མི་རུང་བའི་རིག་དངོས་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་ཆེན་པོ་བཟོ་བ་དང་འབྲེལ་རྒྱལ་ཁབ་ས་ཆའི་འཆར་འགོད་ཀྱི“རི་མོ་གཅིག”གི་ལག་བསྟར་ལྟ་སྐུལ་ཆ་འཕྲིན་མ་ལག་དང་མཉམ་སྤྱོད་བྱས་ནས་སྲིད་གཞུང་ལས་ཁུངས་དང་། ཚན་ཞིབ་སྒྲིག་གཞི། སྤྱི་ཚོགས་ཀྱི་སྤྱི་དམངས་བཅས་ལ་རིམ་པ་མི་འདྲ་བའི་གྲངས་གཞིའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།