ཨེ་མ་དགེ་བའི་བཤེས་གཉེན་དམ་པའི་ཚོགས། །
མཐའ་ཡས་ཤེས་བྱར་ནང་བྱན་ཆུད་པའི་མཐུས། །
དག་དང་མ་དག་སློབ་མའི་སྣོད་རྣམས་ཀྱི། །
མ་རིག་མུན་པ་སེལ་ལ་གུས་འདུད་ཞུ། །
ངོ་མཚར་དམ་པའི་ཞལ་གྱི་བུམ་བཟང་ལས། །
ལྷུང་ལྷུང་འབབ་པའི་ལེགས་བཤད་བདུད་རྩིའི་ཆབ། །
རེ་འདོད་རྐང་འཐུང་སྐོམ་པའི་ཚོགས་རྣམས་ཀྱི། །
བློ་གྲོས་ལུས་སྟོབས་རྒྱས་ལ་གུས་འདུད་ཞུ། །
མཐའ་ཡས་ཤེས་བྱའི་མེ་ཏོག་དགའ་ཚལ་དུ། །
རོ་མངར་བཅུད་ལྡན་རིག་བརྒྱའི་གེ་སར་ལ། །
མྱོང་བའི་རྐང་དྲུག་བུང་བ་བློ་ལྡན་ཏེ། །
འཆད་རྩོད་རྩོམ་གསུམ་མཁས་ལ་གུས་འདུད་ཞུ། །
མཐའ་ཡས་རིན་ཆེན་འབྱུང་བའི་གནས་མཆོག་ལས། །
སྟོང་དཀྲོགས་འོ་མའི་མར་ལོ་རི་བོང་འཛིན། །
ཀུ་མུད་བློ་མུན་འབྱེད་ལ་མཐུ་ཆེ་བའི། །
མཁས་བཙུན་བཟང་གསུམ་མངའ་ལ་གུས་འདུད་ཞུ། །
གང་དེ་ཐོས་པའི་ཆུ་བོ་ཀུན་བཏུས་ནས། །
གཞུང་ལུགས་གདམས་པའི་གཙང་ཆེན་ལྷུང་ལྷུང་དུ། །
དུས་དྲུག་སྒོམ་པའི་རྒྱ་མཚོར་བབས་བྱས་པའི། །
མཁྱེན་བརྩེ་ནུས་གསུམ་ལྡན་ལ་གུས་འདུད་ཞུ། །
བྱམས་དང་སྙིང་རྗེའི་ཆབ་ཀྱིས་ཉེར་བརླན་པའི། །
རྣམ་དག་ཚུལ་ཁྲིམས་གཙང་མའི་ལྗོན་བཟང་ལས། །
དྲི་བཟང་ལོ་འདབ་ཡོངས་རྫོགས་ལེགས་བཞད་ཅིང་། །
བུ་སློབ་གྲངས་མེད་བསྐྱངས་ལ་གུས་འདུད་ཞུ། །