《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月14日

༄༅། །ང་ཡི་ཆུང་འདྲིས་བྱམས་པ།

སྣག་ཚ་ནག་པོ།

འཇོ་སྒེག་པད་དཀར་འདབ་ལོའི་འཛུམ་ཞལ་ངོས། །

དཀྱུས་རིང་སྨིན་མ་རྒོད་ཀྱི་གཤོག་ཟུང་ཅན། །

སྨིན་དྲུག་ཚོམ་བུ་གཡོ་འདྲའི་ཚེམས་དཀར་མ། །

ང་ཡི་ཆུང་འདྲིས་བྱམས་པ་ཨེ་མ་མཚར། །

རྩྭ་ལྗང་རླུང་གིས་སྤུར་བའི་ཐང་ཆེན་དུ། །

སྣང་བ་གཡུ་སྦྲང་བུང་བའི་གར་སྟབས་བཞིན། །

བཞོ་གླུ་དབྱངས་ལ་འགུག་པའི་གཤིས་བཟང་མ། །

ང་ཡི་ཆུང་འདྲིས་བྱམས་པ་ཨེ་མ་མཚར། །

དཀར་གསུམ་ཟས་ཀྱིས་བཀང་བའི་འབྲོག་ཐང་དུ། །

འུར་རྡོ་ལག་ཏུ་ཐོགས་པའི་ཆུང་གྲོགས་ཀྱིས། །

གཡང་དཀར་ལུག་ཁྱུའི་སུག་རྗེས་དེད་བཞིན་དུ། །

རྫི་གླུ་ཐན་ཐུན་ལེན་བཞིན་ལང་ཚོ་ངོམ། །

ཤེས་རིག་མེ་ཏོག་བཀྲ་བའི་སློབ་གླིང་དུ། །

གེ་སར་རོ་བཅུད་འཐུ་བའི་གཡུ་སྦྲང་བཞིན། །

ཀ་ཁའི་གཞུང་ལ་བརྩོན་པའི་ངང་ཚུལ་འདིས། །

ང་ཡི་ཡིད་སེམས་དབང་མེད་ཁྱེད་ཀྱིས་ཕྲོགས། །

དྲི་བཞོན་དལ་གྱིས་ལྡང་བའི་དབྱར་གཞུང་དུ། །

སྦྲ་ནག་མཐིང་སྨུག་གྲུ་བཞིའི་ཐུ་སྣེ་རུ། །

འདོ་རིགས་རྟ་དང་གཡང་དཀར་རྩེད་རོགས་མ། །

ང་ཡི་ཆུང་འདྲིས་བྱམས་པ་ཨེ་མ་མཚར། །

དཀར་ནག་ངོས་གཉིས་འཁོར་བའི་འཇིག་རྟེན་དུ། །

འཚོ་བའི་སྐྱིད་སྡུག་གསལ་བའི་མེ་ལོང་ངོས། །

མ་བཅོས་གངས་ལྟར་དཀར་བའི་ཡིད་དགའ་མ། །

ང་ཡི་ཚེ་འདིའི་ཡིད་སེམས་གཏད་ཡུལ་ལགས། །