《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月14日

༄༅། །བདེ་སྐྱིད་ནི་ཅི་ཞིག་རེད།

ནག་ཤོད་ང་རོའི་འཚེར་སྒྲ།

ང་རང་བྱིས་པ་ཡིན་དུས། བདེ་སྐྱིད་ནི་ཕ་ཡུལ་གྱི་ལམ་སྐྱ་མོ་དེ་ལ་རེ་སྒུག་གི་མིག་ཟུང་ཡུན་དུ་འཕངས་པའི་ཐལ་རླུང་གསེབ་ཀྱི་ཨ་ཕའི་སྦག་སྦག་མཐོང་བའི་དགའ་ཚོར་དེ་ཡིན་ཆོག་ལ། ཁོང་གི་ཨམ་ཕྲག་གི་རྔན་པར་ལྡིར་བའི་རེ་བའི་མིག་ཟུང་དེ་ཡང་ཡིན་ཆོག ང་རང་བྱིས་པ་ཡིན་དུས། བདེ་སྐྱིད་ནི་སྐྲ་བཀྲུས་ན་གནམ་ནས་ཤ་བག་ལེབ་ཟགས་ཡོང་ཞེས་པའི་ཨ་མའི་གཏམ་གྱི་བསླུ་བྲིད་འོག་ཏུ་ངས་དགའ་ཚོར་ཆེན་པོས་མགོ་བོ་ཡང་སེ་བཀྲུས་པ་ལས་བྱུང་བའི་ཀ་ར་བུ་རམ་རེ་ཟུང་དེའང་ཡིན་ཆོག

དེ་ནས་ང་རང་སློབ་ཆུང་འགྲིམ་པའི་དུས་སུ། བདེ་སྐྱིད་ནི་ཕ་མ་ཟུང་གིས་རང་ཉིད་ལ་བལྟ་རུ་མང་ཙམ་ཕེབས་དུས་ཀྱི་དགའ་སྣང་དེ་དང་། མིག་ཆུ་མང་པོ་བཞུར་རྗེས་གཅེན་པོའི་འགྲམ་ནས་ཀ་མད་སུམ་ཅུ་ཐོག་མར་བློ་འཛིན་ཐུབ་པ་ལས་བྱུང་བའི་ནང་སེམས་ཀྱི་དགའ་ཚོར་མཚོན་པའི་ལྷད་མེད་ཀྱི་འཛུམ་མདངས་དེ་ཡང་ཡིན་ཆོག དེ་རྗེས་ང་རང་དམའ་འབྲིང་འགྲིམ་པའི་དུས་སུ། བདེ་སྐྱིད་ནི་ཨ་ཕས་ཡར་སྐྱེལ་མར་བསུ་བྱེད་སྐབས་ཀྱི་ལམ་བར་གྱི་མཛེས་ལྗོངས་དང་། ཨ་ཕ་དང་མཉམ་དུ་བླངས་པའི་དབྱངས་གསལ་གྱི་གཟི་བརྗིད་དཔང་ཡིག་ལས་བྱུང་བའི་སྤོབས་པ་དང་དགའ་སྣང་དེ་ཡིན་ཆོག རིམ་བཞིན་ང་རང་མཐོ་འབྲིང་འགྲིམ་པའི་དུས་སུ། སྐབས་དེའི་བདེ་སྐྱིད་ནི་མཚན་མོ་མཁའ་དབྱིངས་ནས་ཟླ་བ་ཤར་བ་ལ་ཡུན་རིང་ཅེར་རྗེས། ཨ་མ་དང་མཉམ་དུ་ལྷས་ར་ནས་ཁྱིམ་དུ་ལོག་པའི་ལམ་བར་གྱི་དྲན་སྣང་སྣ་ཚོགས་ལས་བྱུང་བའི་མིག་ཀོང་དུ་འདར་ཡོམ་ཡོམ་དུ་གཡོ་བའི་སྐར་ཚོགས་ཀྱི་ཐིགས་ཕྲེང་དེ་ཡིན་ཆོག་ལ། རང་གི་བསམ་འདུན་བཞིན་རང་བློར་བབས་པའི་སློབ་ཆེན་དུ་རྒྱུགས་འཕྲོད་ཆེད་འབད་འབུངས་བྱེད་པའི་ལམ་བུར་ང་ལ་འོད་ཟེར་གནང་མཁན་གྱི་ཞོགས་པའི་སྐྱ་རེངས་དེ་ཡང་ཡིན་ཆོག

ང་རང་སློབ་ཆེན་འགྲིམ་པའི་དུས་སུ། བདེ་སྐྱིད་ནི་ཕ་ཡུལ་གྱི་ནམ་མཁའ་སྔོན་པོ་དང་ལྷོ་སྤྲིན་དཀར་པོའི་ཚོམ་བུ་དག་ཡིན་ཆོག་ལ། བརྩེ་དུང་གི་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བའི་གསེར་གྱི་སྦྲང་མ་དང་གཡུ་ཡི་སྦྲང་མའི་ལྷད་མེད་ཀྱི་བརྩེ་བ་དྭངས་མ་དེ་དང་། བརྩོན་འགྲུས་ཀྱི་གཤོག་ཟུང་ཆེས་ཆེར་བརྐྱངས་ནས་རང་ཉིད་ལ་དབང་བའི་ནམ་མཁའ་ཞིག་གཏོད་བཞིན་པ་དེའང་བདེ་སྐྱིད་ཅིག་ཡིན་ཆོག བདེ་སྐྱིད་ནི་འདས་སོང་གི་བགྲང་བྱའི་ནང་རང་ཉིད་ཀྱི་ཆེས་སྙིང་ཉེ་བའི་མི་དང་མཉམ་དུ་གླུ་གཞས་ཤིག་མཉམ་དུ་ལེན་པ་དང་། མེ་ཏོག་གི་དྲི་ངད་ལྷན་དུ་སྣོམ་བཞིན་འགྲོ་མ་མྱོང་བའི་ལམ་བུར་མཉམ་དུ་འགྲོ་བ་དང་། རྐང་ཟུང་གི་འཁོར་ལོར་བཅིབས་ནས་ལྟ་མ་མྱོང་བའི་འཇིག་རྟེན་གྱི་ཡུལ་གྲུ་མང་པོ་བསྐོར་ཐུབ་པ་དེའང་ཡིན་ཆོག

བདེ་སྐྱིད་ནི་མནའ་མར་སོང་བའི་བུ་མོས་རང་ཁྱིམ་དུ་ལོག་པའི་ལམ་བུ་དེ་ཡིན་ཆོག་ལ། བདེ་སྐྱིད་ནི་ཕ་མ་དང་ཕ་ཡུལ་ཡུན་རིང་བྲལ་བའི་ས་མཐར་འཁྱམས་པའི་བུ་ཆུང་ཞིག་རང་ཁྱིམ་དུ་ལོག་རྗེས་ཀྱི་ནང་མིའི་དགའ་འབོད་ཀྱི་བསུ་མ་དེ་ཡང་ཡིན་ཆོག བདེ་སྐྱིད་ནི་ཕུགས་འདུན་མངོན་འགྱུར་བྱུང་རྗེས། ནང་མི་ལྷན་འཛོམས་ཀྱི་དགའ་སྟོན་དེ་ཡིན་ཆོག་ལ། བདེ་སྐྱིད་ནི་སྨག་ནག་པའི་མཚན་གཞུང་བརྒལ་རྗེས་ཐོབ་པའི་ཉི་ཟེར་གྱི་དྲོད་ཁོལ་དང་འོད་སྣང་དེ་ཡང་ཡིན་ཆོག

མདོར་ན། བདེ་སྐྱིད་ནི་ཆོག་ཤེས་ཤིག་ཡིན་པས། དེ་རིང་ནས་བཟུང་སྟེ་ཁྱེད་ཀྱིས་ཀྱང་མཛེས་རྟོག་གི་མིག་དབང་གིས་འཇིག་རྟེན་འདིར་གཟིགས་ནས་བདེ་སྐྱིད་ལྡན་པའི་སྐྱེ་བོ་ཞིག་བྱོས་དང་།