《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月14日

༄༅། །དགེ་རྒན་ཞིག་གི་སེམས་གཏམ་དང་འགྱོད་བཤགས།

དབུ་རུ་དོན་འདུར།

བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན་ཞེས་པའི་དཔེ་ལྟར། སློབ་མ་ཚོའི་བསམ་སྤྱོད་ལ་ཤུགས་རྐྱེན་ཆེ་ཞིང་ཁོ་ཚོས་ལད་མོ་བྱེད་སླ་བའི་མི་སྣ་གཙོ་བོ་གཉིས་ཡོད་པ་ནི་ཕ་མ་དང་དགེ་རྒན་རེད། སློབ་མའི་སེམས་ལ་དགེ་རྒན་ནི་རང་ཉིད་ཀྱི་ཕྱོགས་གང་ཅིའི་ཐད་ལ་མཛུབ་སྟོན་གནང་མཁན་གྱི་ཐམས་ཅད་མཁྱེན་པ་དེ་ཡིན་སྙམ་པ་དང་། དེས་གང་གསུང་ཐམས་ཅད་ཚད་མ་དང་གང་བྱས་ཚང་མ་གཡོ་མེད་དྲང་བདེན་ཤ་སྟག་ཏུ་བརྩི་བཞིན་ཡོད། ཕ་མ་ནི་རང་ཉིད་ལ་དཀའ་ངལ་ཅི་ཞིག་འཕྲད་ནའང་ལམ་སེང་རོགས་རམ་གནང་མཁན་དང་། ཟས་གོས་གནས་མལ་གང་ཡང་ཕངས་མེད་དུ་སྦྱིན་མཁན་གྱི་སྒེར་སེམས་གཏན་ནས་མེད་མཁན་དེ་ཡིན་པས། གང་གསུངས་ཐམས་ཅད་ང་ཚོ་ཕྲུ་གུའི་ཆེད་དུ་དང་། གང་བྱས་ཡོད་ཚད་ང་ཚོ་བུ་ཕྲུག་གི་དོན་དུ་ཡིན་པས། ཐམས་ཅད་ལྷད་མེད་ལྷག་བསམ་ལས་འཁྲུངས་པ་ཤ་སྟག་ཡིན་པར་བརྟེན། ཕྲུ་གུའི་སེམས་ནང་ཕ་མ་ནི་ནོར་འཁྲུལ་ཏིལ་འབྲུ་ཙམ་ཡང་མེད་པའི་མི་སྣ་རླབས་ཆེན་ཞིག་ཏུ་བརྩི་བཞིན་ཡོད།

ཕྲུ་གུའི་སེམས་སུ་དགེ་རྒན་དང་ཕ་མར་གདེང་འཇོག་མཐོན་པོ་དེ་ལྟར་ཡོད་པས། དུས་རྒྱུན་ཆེད་དུ་སློབ་ཁྲིད་གནང་བ་དང་བཀའ་སློབ་བསྩལ་བ་ཕུད། དགེ་རྒན་དང་ཕ་མའི་སྐད་ཆ་ཤོད་སྟངས་དང་བྱ་བ་བྱེད་སྟངས། ཐ་ན་ལག་པའི་འགྱོག་སྟངས་དང་རྐང་པའི་སྤོ་སྟངས་ལའང་དོ་སྣང་ཆེན་པོས་ལད་མོ་བྱེད་ཀྱི་ཡོད་ཅིང་། རིམ་བཞིན་བསམ་པའི་འཁྱེར་སོ་དང་སྤྱོད་ལམ་གྱི་བཟང་ངན་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

ཕ་རིས་བུ་ལ་མ་ཤོར་ན། རི་བོང་ཤོ་ཏོ་ག་ནས་ཡོང་ཞེས་པའི་དཔེ་ལྟར། ཕྲུ་གུས་དགེ་རྒན་དང་ཕ་མར་ལད་མོ་བྱེད་སླ་བར་བརྟེན། དགེ་རྒན་གང་འདྲ་ཞིག་ཡོད་ན་སློབ་མའང་དེ་འདྲ་ཞིག་ཡོང་ཞེས་དང་། ཕ་མ་གང་འདྲ་ཞིག་ཡོད་ན་ཕྲུ་གུ་ཡང་དེ་ལྟ་བུ་ཞིག་འབྱུང་ཞེས་པ་ནི་ཡུན་རིང་གི་ཉམས་མྱོང་ལས་བྱུང་བའི་སྡོམ་ཚིག་གནད་ལ་འཁེལ་བ་ཞིག་ཅིས་མ་ཡིན།

ཐེངས་ཤིག འཛིན་གྲྭའི་སློབ་མ་ཚང་མས་སྐལ་བཟང་ཚེ་རིང་གི་མཐའ་ནས་བསྐོར་ཏེ། ཁྱོད་ནི་ང་ཚོའི་འཛིན་གྲྭའི་རྐང་པ་ནས་འཐེན་མཁན་རེད་ཅེས་སྡིགས་མོ་བྱེད་པ་དང་། སློབ་མ་སྤྱོད་རྩུབ་རེ་འགས་ལག་པ་བཀྱགས་ནས་ཉེས་རྡུང་གཏོང་གི་འདུག ངས་མིག་མདུན་གྱི་བྱ་ངན་སྤྱོད་ངན་དེ་མཐོང་རྗེས། ཁོ་ཚོའི་བར་དུ་འཚངས་ནས་སྐལ་བཟང་ཚེ་རིང་ཡར་འཐེན་པ་དང་། རྒྱུ་མེད་ཀྱང་རྩམ་པ་རང་བཟའ་དང་། དགེ་མེད་ཀྱང་སྡིག་པ་རང་འཁུར་རེད་ཅེས་པའི་དཔེ་བཞིན། སྐལ་བཟང་ཚེ་རིང་སློབ་སྦྱོང་གི་སྦྱངས་འབྲས་ཞན་ཡང་ཁོ་པའི་མི་ཚེ་སོ་སོས་སྐྱེལ་གྱི་རེད། ཁོས་སུའི་རྐང་པ་ནས་འཐེན་འདུག་གམ་ཞེས་བཤད་དེ་ཁོ་ཚོར་གཤེ་གཤེ་གཏོང་བར་ཐལ།

རང་ཉིད་གཞུང་ལས་ཁང་དུ་ལོག་ནས་བསམ་བློ་ཞིབ་ཕྲ་གཏོང་དུས། སྐལ་བཟང་ཚེ་རིང་ནི་ང་ཚོའི་འཛིན་གྲྭའི་རྐང་པ་ནས་འཐེན་མཁན་རེད་ཅེས་པའི་སྐད་ཆ་འདི་ནི་ངས་དེ་རིང་ཞོགས་པའི་ཡིག་རྒྱུགས་ཕྱོགས་བསྡོམས་སྐབས་སུ་བཤད་པ་ཞིག་དང་། དུས་རྒྱུན་སློབ་ཚན་འཚོག་པའི་སྐབས་སུ་ངས་ཐེངས་མང་པོར་ཁོ་རང་སྡུག་ཤོས་ཡིན་པའི་ཚིག་ཐག་བཅད། དོན་དུ་ཁོ་རང་ད་ལྟའི་རིག་གནས་ཤེས་ཚད་སྐྱོ་བ་ཙམ་ལས་སྡུག་ཤོས་ཡིན་པའི་ངེས་པ་མེད་ལ། མ་འོངས་པར་སྐལ་བཟང་ཚེ་རིང་གང་འདྲ་ཞིག་ཏུ་འགྱུར་མིན་ནི་སློབ་ཆུང་དགེ་རྒན་ང་ལྟ་བུ་ཞིག་གིས་ག་ལ་ཤེས་ཨང་སྙམ་སྟེ། རང་ཉིད་ཀྱི་ཐལ་ཆ་ཆེ་བའི་སྐད་ཆ་ལ་ཞེད་སྣང་སྐྱེས་ཤིང་། ངས་བཤད་པའི་སྐད་ཆའི་ཤུགས་རྐྱེན་ལས་ང་ཚོའི་འཛིན་གྲྭའི་སློབ་མ་ཚོས་སྐལ་བཟང་ཚེ་རིང་ནི་ང་ཚོའི་འཛིན་གྲྭའི་རྐང་པ་ནས་འཐེན་མཁན་དང་སྡུག་ཤོས་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པར་འགྱོད་པ་ཚད་མེད་སྐྱེས་བྱུང་། ངས་དེ་མུར་དགེ་རྒན་ཚད་ལྡན་ཞིག་བྱེད་པར་རང་ཉིད་ལ་ད་དུང་སྐྱོན་ཆ་མང་པོ་འདུག་ཨང་སྙམ།

དུས་རྒྱུན་སློབ་མ་ཕན་ཚུན་བར་ལ་ཨ་མའི་རོ་དང་ཨ་ཕའི་རོ་ཞེས་འབོད་རེས་བྱེད་པ་དང་། བོང་བུ་དང་ཕག་པ་ཞེས་པའི་མིང་འདོགས་དག་འཛེམ་དོགས་མེད་པར་ཕན་ཚུན་བར་ལ་བརྗོད་རེས་བྱེད་ཅིང་། ངག་འཇམ་ཡ་རབས་ཀྱི་སྐད་ཆ་ཡག་པོ་ཤོད་རེས་མེད་པའི་ཚུལ་ལ་བསམ་བློ་ཞིབ་ཕྲ་གཏོང་དུས། དེ་དག་ལས་འགའ་རེ་ནི་རང་ཉིད་ཀྱི་སྐད་ཆའི་ཤོད་སྟངས་ཀྱིས་ཁོ་ཚོར་ཤུགས་་རྐྱེན་ངན་པ་ཞིག་བཟོས་པ་གསལ་པོར་རྟོགས།

ཁོ་ཚོ་ཕན་ཚུན་རྩོད་རེས་འཛིང་རེས་བྱེད་དུས། ཡ་ང་སྙིང་རྗེ་མེད་པ་དང་། གཞུ་གང་ཐུབ་དང་འཛིང་གང་ཐུབ་བྱེད་པ་ལས་རྨ་བཟོས་མི་ཡོང་ངམ། ནད་པ་བཟོས་མི་ཡོང་ངམ། ངོ་ལ་ཕོག་མི་ཡོང་ངམ། མིག་ལ་གནོད་མི་ཡོང་ངམ་སྙམ་པའི་བསམ་ཤེས་བྱེད་མཁན་དཀོན་པ་དེ་ཡང་ནན་དུ་བསམ་ན་རང་ཉིད་ཁོང་ཁྲོ་ཟ་བའི་སྐབས་སུ་ལག་ཏུ་གང་ཐེབས་དང་གནད་ལ་གང་འཁེལ་གྱིས་ཁོ་ཚོར་ཉེས་རྡུང་བཏང་བའི་བྱེད་སྤྱོད་ལས་བྱུང་བར་བསམ་ན། ངོ་མ་རང་ཉིད་ཀྱི་སློབ་གསོའི་མཇུག་འབྲས་ནི་འཇིགས་སུ་རུང་བ་ཞིག་ཡིན་པ་མིག་མཐོང་ལག་ཟིན་རེད།

གང་ལྟར་སློབ་མའི་ཤོད་ཚུལ་ངན་པ་དང་བྱེད་སྟངས་ལོག་པ། གོམས་གཤིས་སྐྱོན་ཅན་མི་ཉུང་བ་ཞིག་ནི་ང་དགེ་རྒན་གྱི་གཏམ་སྤྱོད་ཀྱི་ཤུགས་རྐྱེན་ལས་བྱུང་བ་ཤེས་དུས། ངས་གཞི་ནས་མིག་དཔེའི་སློབ་གསོ་ཞེས་པའི་ཤུགས་རྐྱེན་ནི་གང་ལས་ཀྱང་ཆེ་བ་ཤེས་ཏེ། རང་ཉིད་ཀྱི་གཏམ་སྤྱོད་གཤིས་གསུམ་ལ་བསྐྱར་དུ་གཤགས་བཅོས་བྱེད་དགོས་པའི་ངོས་འཛིན་ཟབ་མོ་བྱུང་།

ས་སྟེང་འདི་རུ་དགེ་རྒན་དང་ཕ་མར་གྱུར་བའི་མི་རྣམས་ལགས། ང་ཚོའི་མིག་དཔེ་ནི་སྤྱི་ཚོགས་འདི་ཉིད་རྫུན་མེད་དྲང་བདེན་དང་། རྙོག་མེད་དྭངས་གཙང་། ཡ་རབས་བཟང་སྤྱོད་ཀྱི་བདེ་སྐྱིད་ལྡན་པའི་ཕྱོགས་སུ་འཕོ་འགྱུར་འགྲོ་བའི་འགུལ་ཤུགས་མེད་དུ་མི་རུང་བ་ཞིག་ཡིན་འདུག་ལ། མི་གསོད་ཁྲག་སྦྱོར་གྱི་རྩོད་རྙོག་ངན་པ་དང་། ལྐོག་ཟ་རུལ་སུངས་ཀྱི་སྣང་ཚུལ་ངན་པ། ཡང་ན་མི་དང་མིའི་བར་ལ་འགལ་བའི་རྩོད་གཞི་ལས་མཐུན་སྒྲིལ་རོགས་རེས་མེད་པའི་ངན་སྤྱོད་མང་པོའི་ས་བོན་འདེབས་མཁན་དེ་ཡང་ང་ཚོ་རེད་འདུག་པས། དུས་རྒྱུན་ང་ཚོའི་ཕྱོགས་ཐམས་ཅད་ལ་ལེགས་སྤེལ་ཉེས་འགོག་གི་བློ་སྦྱོང་མེད་དུ་མི་རུང་སྙམ།

མ་གཞི་བཟང་ངན་ཡོད་ཚད་འདི་ལྟར་བྱུང་བ་རེད་ཅེས་བརྗོད་ན་ཧམ་པ་ཆེ་མོད། ང་ཚོ་ནི་ལོ་ཆུང་བྱིས་པའི་གཏམ་སྤྱོད་བཟང་ངན་གྱི་མིག་དཔེར་གྱུར་ཡོད་པས་ན། ང་ཚོའི་སྐད་ཆ་ཚིག་རེ་དང་བྱ་སྤྱོད་སྣ་རེ་རེས་ཁོ་ཚོའི་ཁ་ལོ་ཡུད་ཀྱིས་སྒྱུར་བཞིན་པར་བསམ་ན། ང་ཚོས་དུས་རྒྱུན་སྐད་ཆ་དང་བྱ་སྤྱོད་ངན་པ་སྣང་མེད་དུ་གཏོང་མི་རུང་བ་ནི་ང་ཚོ་དགེ་རྒན་ཡིན་པ་དང་ང་ཚོ་ཕ་མ་ཡིན་པས་རེད་ཨང་།

ད་ནས་བཟུང་། དགེ་རྒན་དང་ཕ་མར་གྱུར་བའི་ཉིན་ནས་བཟུང་། ང་ཚོས་རང་ཉིད་ནི་ཕྱི་རབས་པ་མང་པོའི་མིག་དཔེ་དང་ལད་མོ་བྱེད་ཡུལ་ཡིན་སྙམ་ནས། སྐད་ཆ་ཤོད་དུས་ཞེ་ས་གུས་ལུགས་སྤྱོད་རྒྱུ་དང་། བྱ་བ་བྱེད་དུས་གཞན་ཕན་ལྷག་བསམ་དཀར་བ། གནད་དོན་ལ་དབྱེ་ཞིབ་བྱེད་དུས་དྲང་བདེན་གཡོ་ལྷད་མེད་པ་ཞིག་གནང་དགོས་པ་མ་ཟད། ཐ་ན་གོས་གྱོན་སྟངས་དང་གཞན་ལ་འབྲེལ་འདྲིས་བྱེད་སྟངས་སོགས་ཚང་མ་ཡ་རབས་བཟང་པོའི་སྲོལ་ལུགས་དང་མི་འགལ་བ་ཞིག་ངེས་པར་དུ་གནང་དགོས་སྙམ།