Dལགས། ང་ནི་འུར་རྡོ་མེད་པའི་བརྩེ་དུང་གི་རྫི་བོ་ཞིག་ཏུ་གྱུར་དོན།
ཁྱེད་ཀྱིས་མ་གཏོགས་ཤེས་དོན་མི་འདུག་ཀྱང་།
ང་ལ་མཚོན་ན། དེ་ནི་གསང་བ་མིན་པའི་གསང་བ་ཞིག་ཡིན།
Dལགས། མཚན་མོ་དང་འབྲེལ་བའི་སྙན་ངག་དེ་དག
ངས་ད་དུང་མང་ཙམ་བྲིས་ནས་མང་ཙམ་ཀློག་ཡོང་།
དེ་དག་གི་ཁྲོད་ཁྱེད་དང་འབྲེལ་བའི་སྙན་ངག་ཀྱང་མང་ཙམ་ཡོད།
Dལགས། འདུ་བྲལ་རྒོད་པའི་མཚོ་ཁུགས་དེ་རུ།
བརྩེ་བའི་གྲུ་ཆུང་གི་སྐྱ་བ་དལ་གྱིས་སྐོར་དུས།
རྨི་ལམ་དང་མངོན་སུམ་གྱི་བར་དུ་གྲུ་ཤན་གྱིས་ཕྱི་མིག་ལྟ་དོན་ཅི།
Dལགས། དུས་ཚོད་དང་འཁོར་བའི་བར་ཐག
འུ་གཉིས་ཆ་མེད་ནས་རྒྱུས་ཡོད་དུ་གྱུར་ཚུལ་གྱི་བར་ཐག་ཞིག་ཡིན་སྲིད་ཀྱང་།
ངས་ནི་བར་ཐག་མེད་པའི་བར་ཐག་དེ་ཡང་ཆེས་མཛེས་པའི་བར་ཐག་ཅིག་ཏུ་སྒོམ་བཞིན་ཡོད།
Dལགས། བར་ཐག་གིས་བཅད་པའི་ལོ་ཟླའི་ནང་དུ།
འུ་གཉིས་ཀྱིས་རང་རང་གི་ཕུགས་བསམ་གྱི་ཕྱོགས་སུ་འབད་པས་སྐྱོད་དགོས།
ཕུགས་བསམ་གྱི་དབང་གིས་འུ་གཉིས་ངོ་ཤེས་པ་མིན་ནམ།
Dལགས། ཁྱེད་ནི་ཕུགས་བསམ་ཅན་གྱི་རང་དབང་གི་སྲས་མོ་ཞིག
རྒྱང་རིང་དང་འབྲེལ་བའི་ཐ་སྙད་དེ་དག
མངོན་སུམ་གྱི་ཤོག་དཀར་ངོས་ནས་ངས་ཡང་ཡང་མཐོང་འདོད་བྱུང་།
Dལགས། མི་ཁོམ་པའི་གནས་སུ་སྐྱེས་ཀྱང་དུས་ཀྱི་ཁོམ་ལོང་རེ་བྱུང་ན།
ངས་ད་དུང་ཁྱེད་དང་འབྲེལ་བའི་སྙན་ངག་མང་ཙམ་འབྲི་ངེས།
དེ་དུས། འཇིག་རྟེན་གྱི་གྲུ་ཟུར་ཞིག་ཏུ།
འུ་གཉིས་ཁོ་ནར་དབང་བའི་འཚོ་བ་གསར་པ་ཞིག་རོལ་ཐུབ་པར་སྨོན།
Dལགས། སྙན་ངག་འདི་ཁྱེད་ལ་བསྐུར་དུས།
ངས་མཇུག་མཐའི་དུམ་བུར་རྫོགས་ཚིག་འཐེན་མེད་ཀྱང་།
ཁྱེད་ཀྱིས་བློ་ཞིབ་མོས་ཡང་སྐྱར་ཐེངས་ཤིག་བཀླགས་ཏེ།
སྙན་ངག་འདི་དེ་བས་ཁ་ཚང་བར་བཏང་ཡང་ལོས་ཆོག་ཨང་།