ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཡའོ་མན།
ཟླ་3ཚེས་28ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། ལོ་65ཡི་རིང་གངས་ལྗོངས་ས་མཐོའི་ལུས་རྩལ་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་དེ་བཞིན་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་སྐོང་བ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ལུས་རྩལ་ནི་ལོ་65ཡི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། རྩལ་འགྲན་ལུས་རྩལ་དང་མང་ཚོགས་ཀྱི་ལུས་རྩལ་སོགས་ཁྱབ་ཁོངས་སུ་བོད་ཀྱིས་བཀྲག་མདམངས་འཚེར་བའི་རྒྱུགས་ལན་ཞིག་ཕུལ་ཡོད།
1960ལོའི་ཟླ་5ཚེས་25ཉིན་གྱི་ཐོ་རེངས་སུ་ཝང་ཧྥུའུ་ཀྲོའུ་དང་། ཆུས་དབྱིན་ཧྭ། མགོན་པོ་བཅས་དཔའ་རྒོད་གསུམ་གྱིས་ཇོ་མོ་གླང་མའི་བྱང་ངོས་ནས་རྩེ་མོར་ཐེངས་དང་པོར་འཛེགས་ཏེ་སྐར་ལྔའི་དར་དམར་ཇོ་མོ་གླང་མའི་རྩེ་མོར་བཙུགས་ནས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་བྱང་ངོས་ནས་འཛམ་གླིང་གི་རི་བོ་མཐོ་ཤོས་སུ་ཐེངས་དང་པོར་འཛེགས་པའི་བྱས་རྗེས་རླབས་ཆེན་བཏོད་ཡོད།
1975ལོར“དཔའ་རྒོད་དགུ”ཡིས་སླར་ཡང་ཇོ་མོ་གླང་མར་འཛེགས་ཤིང་། ཀྲུང་གོ་བས་ཐེངས་དང་པོར་ལྟ་ཞིབ་ཚད་འཇལ་མཚོན་རྟགས་རི་རྩེར་འཁྱེར་ཏེ། ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་དང་བོད་རིགས་རི་འཛེག་པ་ཕན་ཐོགས་ཇོ་མོ་གླང་མའི་བྱང་ངོས་ནས་རྩེ་མོར་འཛེགས་མཁན་བུད་མེད་དང་པོར་གྱུར་བ་དང་། 2008ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མའི་རྩེ་མོར་བརྒྱུད་སྤྲོད་བྱས་པ། 2020ལོར་ཀྲུང་གོའི་ཚད་འཇལ་རི་འཛེག་རུ་ཁག་གིས་ཇོ་མོ་གླང་མའི་རྩེ་མོར་བདེ་བླག་ངང་འཛེགས་ནས་ཇོ་མོ་གླང་མའི་མཐོ་ཚད་སླར་ཡང་འཕྱུགས་མེད་ངང་ཚད་ལེན་བྱས་པ་སོགས་ཀྲུང་གོའི་རི་འཛེག་ཐད་ཀྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་རྒྱལ་ཁབ་ཀྱི་ལས་འགན་ལེགས་སྒྲུབ་ཐུབ་རིམ་བཞིན་ཚང་མར་བོད་ཀྱི་རི་འཛེག་ལུས་རྩལ་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།
1982ལོར་རྒྱང་མདུང་བདམས་ཐོན་པ་ཕུར་བུ་ཚེ་རིང་རྒྱ་གར་གྱི་རྡི་ལི་གསར་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པ་དང་དེ་ནི་བོད་ཀྱི་ལུས་རྩལ་པས་ཀྲུང་གོའི་ཚབ་བྱས་ནས་རྒྱལ་སྤྱིའི་འགྲན་རར་ཞུགས་ཐེངས་དང་པོ་རེད། ལོ་དྲུག་གི་རྗེས་སུ་མདའ་འཕེན་བདམས་ཐོན་པ་རྡོ་རྗེ་ཆོས་དབྱིངས་ཀྱིས་ཨོ་རྩལ་འགྲན་ཚོགས་སྐབས་24པར་ཞུགས་པ་ལས་བོད་ཀྱི་ལུས་རྩལ་པ་སླར་ཡང་ཨོ་རྩལ་འགྲན་ཚོགས་ཀྱི་གར་སྟེགས་ཐོག་ཞུགས་པ། 2011ལོར་སྦེ་གའི་བདམས་ཐོན་པ་ཤི་ལོག་སྒྲོལ་མ་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་རྩལ་འགྲན་ལུས་རྩལ་གྱི་འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་དང་པོར་གྱུར་བ་རེད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་རྩལ་འགྲན་ལུས་རྩལ་སྙུགས་ཤེད་དང་དགུན་དུས་རྣམ་གྲངས་ལ་སླར་ཡང་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་གསུམ་པ་ཐོབ་མཁན་སྟོབས་རྒྱལ་གྱི་རྗེས་སུ་བོད་ཀྱི་རྒྱང་རྒྱུག་དང་འབྲིང་རྒྱུག་གི་ལུས་རྩལ་རྣམ་གྲངས་ཁྲོད་ཕུལ་བྱུང་གི་ན་གཞོན་བདམས་ཐོན་པ་ཁག་གཅིག་ཐོན་ཡོད། དེའི་ཁྲོད་ཉེ་བའི་ལོ་གཉིས་ནང་བཀྲ་ཤིས་ཚེ་རིང་གིས་རྒྱལ་ནང་གི་སྐྱེས་པའི་སྨི་10000དང་། སྨི་3000 ལམ་ཕྱེད་མར་སུན་རྒྱང་རྒྱུག་སོགས་ཀྱི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐེངས་མང་བླངས་པ་རེད།
2024ལོར་བོད་ཀྱིས་ཐེངས་དང་པོར་རུ་ཁག་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ནང་ཞུགས་པར་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་1གི་གཡུར་ཟའི་འབྲས་བཟང་ཐོབ་ཡོད། གངས་ཤུད་དང་རི་འཛེག་གཉིས་པོ་2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསར་སྣོན་རྣམ་གྲངས་སུ་གྱུར་བ་དང་། བོད་དང་ཤིན་ཅང་གི་ལུས་རྩལ་པས་རྣམ་གྲངས་དེའི་རྒྱལ་སྤྱིའི་འགྲན་རར་བྱ་དགའ་ལེན་པའི་རྣམ་པ་རྟག་ཏུ་མཐོང་རྒྱུ་ཡོད།
ལོ་17ལ་སླེབས་པའི་བོད་རིགས་བུ་མོ་ཚེ་བརྟན་གཡུ་སྒྲོན་གྱིས་གཞོན་ནུའི་འཛམ་གླིང་བུམ་པའི་འགྲན་བསྡུར་དང་། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར། ཨེ་ཤེ་ཡའི་ལེགས་སྐྱེས་འགྲན་བསྡུར་བཅས་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཨང་དང་པོ་ལེན་པའི་འགྲན་བསྡུར་སོགས་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ཆེ་གྲས་མང་པོའི་ཨང་དང་པོ་བླངས་པ་རེད། ཞིང་འབྲོག་པའི་ཁྱིམ་ཚང་དུ་སྐྱེས་པའི་ཁོང་གིས“ང་ཆུང་དུས་རྟག་ཏུ་ལུག་འཚོ་བར་འགྲོ་གི་ཡོད། རང་ཉིད་ཕྱི་རྒྱལ་དུ་འགྲོ་ཐུབ་པ་དང་རི་རྩེ་མང་པོ་དེ་འདྲར་འཛེགས་ཐུབ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་དང་། ལུས་སྦྱོང་རྐང་ཐང་ལམ། ཤང་གྲོང་གི་ནུས་མང་ལུས་རྩལ་ཐང་། རྐང་རྩེད་སྤོ་ལོ་ཐང་སོགས་མང་ཚོགས་ཀྱི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭ་700ལྷག་ཙམ་ལག་བསྟར་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་བར་བོད་ཀྱི་ལུས་རྩལ་ཐང་8000ལས་བརྒལ་བ་དང་མི་རེར་ཆ་སྙོམས་ལུས་རྩལ་ཐང་རྒྱ་ཁྱོན་སྨི་ངོས་གྲུ་1.6ཟིན་པ། རྒྱུན་དུ་ལུས་རྩལ་སྦྱོང་བརྡར་བྱེད་མཁན་མི་གྲངས་ཁྲི་100ཙམ་ཡོད་པ་དེས་རང་སྐྱོང་ལྗོངས་ཀྱི་སྤྱིའི་མི་འབོར་གྱི་བཅུ་ཆ་གསུམ་ཙམ་ཟིན་གྱི་ཡོད་པ་རེད།
གྲངས་གཞི་འདི་དག་ལས་མངོན་པ་ནི་ས་མཐོའི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་རེད། དུས་རབས་20པའི་ལོ་རབས་50པའི་དུས་འགོར། བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ལས་ཟིན་གྱི་མེད། ད་ཆ་ཚེ་ཚད་ལོ་72.19རིང་དུ་ཕྱིན་ཡོད། དེ་བས་བདེ་ཐང་གི་གཟུགས་པོ་དང་དེ་བས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་གཉིས་གཅིག་ལ་གཅིག་བརྟེན་ཡིན་ཞིང་། དེ་སྔ“དཀའ་ཚེགས་ཆེ་བའི་ཁུལ”ཞེས་འབོད་པའི་གངས་ལྗོངས་ས་མཐོར་ད་ཆ་ཚན་རིག་དང་མཐུན་པའི་ལུས་སྦྱོང་བྱ་རྒྱུ་དེ་དར་སྲོལ་ཞིག་ཏུ་གྱུར་ཡོད།
མིག་སྔར། “ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བོད་ཀྱི་རི་ཁུལ་ཕྱི་རོལ་ལུས་རྩལ་སློབ་གླིང་སྐྲུན་མགྱོགས་སུ་གཏོང་དགོས”ཞེས་པ་དེ《བོད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་གྲོས་འགོའི》ནང་བཅུག་པ་རེད། ཇོ་མོ་གླང་མའི་ཚོང་ལས་ཅན་གྱི་རི་འཛེག་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་བརྟེན་ནས་བོད་ཀྱིས་རི་བོར་དམིགས་ནས་བྲག་འཛེག་དང་། རྐང་ཐང་དུ་འགྲོ་བ། སྒར་རྒྱག་པ། ཁ་ཕྱོགས་གཏན་འཁེལ། འཕྱོ་གཡེང་། མཁའ་སྐྱོད། གངས་ཤུད། རི་ཁུལ་གྱི་མར་སུན་རྒྱང་རྒྱུག རྐང་འཁོར་སོགས་ལུས་རྩལ་རྣམ་གྲངས་སྣ་ཚོགས་གསར་གཏོད་བྱེད་བཞིན་ཡོད།
2023ལོར་ཀྲུང་གོའི་འཕྱོ་གཡེང་རིམ་མཚུངས་མཉམ་འགྲན་གྱི་རྒྱལ་ཡོངས་ཀྱི་ས་ཚིགས་དང་པོའི་འགྲན་བསྡུར་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་དུ་གཉེར་ཞིང་། བོད་ཀྱི་མཛེས་ལྗོངས་དང་སྟབས་བདེའི་རྨང་གཞིའི་སྒྲིག་བཀོད་ལས་རྒྱལ་ཡོངས་ས་གནས་ཁག་གི་འགྲན་ཞུགས་པ་ཚོར་བག་ཆགས་ཟབ་མོ་བཞག་ཡོད།
(ལྷག་པ་ཚེ་རིང་དང་པ་སངས་ཕན་ཐོགས་ཀྱིས་སྒྱུར་ཞུས་བྱས)