ཟླ་3ཚེས་16ཉིན་གྱི་ཞོགས་པར། ཉི་འོད་རབ་ཏུ་འཕྲོས། དྲི་བསང་གི་དུ་བ་འཕྱུར། སྐད་གསང་མཐོན་པོའི་གླུ་དབྱངས་ཡར་ཀླུང་ལུང་གཞུང་དུ་གྲགས། ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་གྱི་རྨོན་གཉའ་གཅོག་པའི་མཛད་སྒོ་བོད་ཀྱི་ཞིང་ཁ་དང་པོ་སྟེ་ཟ་ར་ཟོ་དང་ཞིང་ཁར་གཉེར་འགོ་ཚུགས་པ་དང་སྦྲགས། བོད་ཀྱི་ས་ཁུལ་ཁག་ཏུའང་དཔྱིད་རྨོད་དཔྱིད་འདེབས་དངོས་སུ་བྱེད་འགོ་ཚུགས་པ་རེད།
རྒྱལ་དར་བཙུགས་པ་དང་ཁ་བཏགས་གཡོགས་པའི་འདྲུད་འཐེན་འཕྲུལ་འཁོར་དང་རྨོ་སློག་འཕྲུལ་འཁོར་མང་པོ་ཞིག་ཞིང་ནང་དུ་བཏང་ནས་ས་ཞིང་རྨོ་སློག་བརྒྱབ། དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་ཞིང་འབྲོག་མང་ཚོགས་ཚོས་ནས་སོན་ས་ཞིང་གཤིན་པོར་སྟོར།
མཛད་སྒོའི་ཐོག ས་གནས་དེ་གའི་གྲགས་ཅན་ནས་ཆང་བཟོ་གྲྭའི་ཁྲང་ཀྲང་དང་སྡེ་ཁུལ་གྱི་ཧྲུའུ་ཅིས་ས་ཞིང་བརྒྱུད་བཤུག་དང་ནས་ཉོ་སྒྲུབ་ཀྱི་གྲོས་མཐུན་གསར་པ་བཞག་པ་རེད། དེ་རྗེས་ལྷོ་ཁ་གྲོང་ཁྱེར་སྨོན་གྲོང་སྒང་སྡེ་ཁུལ་གྱི་ལོ་45ལ་སླེབས་པའི་སྐལ་བཟང་དབང་རྒྱལ་གྱིས་ཉོ་སྒྲུབ་ཀྱི་གྲོས་མཐུན་ཐོག་རང་ཉིད་ཀྱི་མིང་བཀོད།
“ནས་འདེབས་རྒྱུ་ནི་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་རེད། ལོ་ཧྲིལ་པོ་ཞིང་ནང་དུ་དཀའ་ལས་བརྒྱབ་ཀྱང་ཐོན་འབབ་དམའ་པོ་ཡོད། ང་ཚོ་མི་རབས་ནས་མི་རབས་བར་ཞིང་ལས་བྱེད་པ་དང་རང་ཉིད་ཀྱིས་གཡོག་བྱེད་ཇི་ཙམ་ཡག་པོ་བྱས་ཀྱང་སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་ལ་བརྟེན་པས་ཐོན་འབབ་ཡག་པོ་ཡོང་གི་མི་འདུག”སྐལ་བཟང་དབང་རྒྱལ་ཁྱིམ་གྱིས་མི་རབས་ནས་མི་རབས་བར་བོད་ཀྱི་ཞིང་ཁ་དང་པོ་དེ་རྨོ་འདེབས་བྱེད་པ་ལས་ཁོང་སྤོབས་པ་སྐྱེ་གི་ཡོད་ལ་ཁུར་པོའང་ལྕི་པོ་ཡོད།
2015ལོར་ནས་ཆང་བཟོ་གྲྭ་དང་སྐལ་བཟང་དབང་རྒྱལ་དབར་ཉོ་སྒྲུབ་ཀྱི་མངགས་ཐོ་ཐོག་མ་དེ་བཞག་པ་རེད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) སྐལ་བཟང་དབང་རྒྱལ་གྱིས“ད་ཆ་བོད་ལྗོངས་ཞིང་ལས་ཚན་རིག་ཁང་གིས་འདེབས་གསོ་བྱས་པའི་ནས་ཀྱི་སོན་བཟང་ཡོད་པའི་ཁར་ཞིང་ལས་ལག་རྩལ་ས་ཚིགས་ཀྱི་རིགས་གཅིག་མཁས་ཅན་གྱིས་དུས་དང་རྣམ་པ་ཀུན་ཏུ་སྒོ་རྩར་མཛུབ་ཁྲིད་བྱེད་ཀྱི་ཡོད་པས་མུའུ་རེའི་ཐོན་འབབ་ལྡབ་འཕར་བྱུང་བ་དང་། ཁེ་ལས་ཀྱིས་ཁྲོམ་རའི་རིན་གོང་ལས་མཐོ་བ་སྤྲད་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད་པས་ང་ཚོའི་ཡོང་འབབ་ལྡབ་འཕར་བྱུང་ཡོད”ཅེས་བཤད།
ཞིང་དལ་སྐབས་སྐལ་བཟང་དབང་རྒྱལ་གྱིས་ལས་ཀ་གཞན་དག་མང་པོ་བྱས་ཤིང་། ལོ་དེ་དག་ནང་ཁོང་གིས་སྔོན་ལ་བོགས་གཏོང་རླངས་འཁོར་ཞིག་ཉོས་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་པ་དང་། རྗེས་སུ་ཡང་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་ཉོས་ནས་ཨར་ལས་རྒྱུ་ཆ་དབོར་འདྲེན་བྱེད་པ། དེ་རྗེས་རང་ཁྱིམ་གྱི་གསར་དུ་བརྒྱབ་པའི་ཁང་པ་སྤྱད་དེ་ཇ་ཁང་ཞིག་བཙུགས་པ་རེད། “ཇ་ཁང་བཙུགས་པར་ཁྲལ་སྐྱེལ་མི་དགོས་པ་དང་ནས་བཏབ་པར་ད་དུང་ཐོན་ལས་ཁ་གསབ་ལེན་རྒྱུ་ཡོད་པས་སྲིད་ཇུས་དངོས་གནས་ཡག་པོ་འདུག”ཅེས་ཁོང་གིས་བཤད།
སྐལ་བཟང་དབང་རྒྱལ་གྱི་ཞིང་ཁ་བཏབ་པའི་ཡོང་འབབ་ཁེ་གཙང་དེ་སྔའི་སྒོར་ཁྲི་གསུམ་བཞི་ནས་ད་ལྟའི་སྒོར་ཁྲི་བདུན་བརྒྱད་ལྷག་ཙམ་བར་མང་དུ་ཕྱིན་པ་དང་དེའི་ཐོག་ཞོར་ལས་ཡོང་འབབ་བསྣན་ཚེ་ལོར་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་གྱི་ཡོད། སྡེ་ཁུལ་གྱི་ཞིང་པ་གཞན་དག་གི་ཞིང་ཁ་འདེབས་པའི་ཡོང་འབབ་ཀྱང་ལྡབ་འཕར་བྱུང་ཡོད།
ཉིན་གུང་སླེབས་པ་དང་རེ་བའི་ས་བོན་བཏབ་མ་ཐག་པའི་ས་གཞིའི་ཐོག་ཉི་འོད་རབ་ཏུ་འཕྲོ་ཞིང་། མི་རྣམས་ཀྱི་བཞིན་ལས་འཛུམ་མདངས་འཕྱུར། 2023ལོར་བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་108.87ཟིན་ནས་1.4%འཕར་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ་དང་། འབྲུ་རིགས་ལོ་ཏོག་གཙོ་བོའི་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་70%ཡན་ཟིན་ཡོད།
(《འོད་ཟེར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)