འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་གྱི་འཐབ་ཇུས་ངེས་གནས་ལ་གཞི་ཚུགས་ནས་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་སྐྱེ་ལྡན་རྟེན་གཞི་འཛུགས་སྐྲུན་གྱི་བཀོད་སྒྲིག་ལྟར་ལྗང་མདོག་བཟའ་བཅའི་རྒྱུ་ཆ་ཚད་གཞི་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང་སྐྱེ་ལྡན་ཐོན་རྫས་རྟེན་གཞི་བསྐྲུན་རྒྱུ་ཐོག་མཐའ་བར་གསུམ་དུ་ལས་དོན་གལ་ཆེན་ལ་བརྩིས་ནས་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ཏེ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཐོན་སྐྱེད་རྟེན་གཞི་སྐྲུན་མགྱོགས་སུ་གཏོང་བ། སྐྱེ་ཁམས་ལེགས་ཆ་དེ་ཐོན་ལས་ལེགས་ཆའི་ལམ་བུ་གསར་པར་བསྒྱུར་རྒྱུ་འཚོལ་ཞིབ་བཅས་བྱས་ནས་ལྗང་མདོག་སྐྱེ་ལྡན་དེ་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་གཞི་གདན་དུ་གྱུར་ཡོད།
ལྗང་མདོག་སྐྱེ་ལྡན་གྱི་ཁས་ལེན་དཔང་འདོན་བྱ་རྒྱུ་དེ་དམ་འཛིན་བྱེད་སར་བྱས་ནས་ཐོན་སྐྱེད་ལས་སྣོན་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཞིང་། མིག་སྔའི་བར་ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས། རྒྱལ་ཡོངས་ཀྱི་གྲགས་ཅན་ཕུལ་བྱུང་ཞིང་ལས་ཐོན་རྫས་བཅས་ཁེ་ལས་གསར་པ་200ལྷག་ཙམ་དང་ཐོན་རྫས་བསྡོམས་འབོར་320ཙམ་ཡོད་པ་དེ་དག་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་གཙོ་བོ་ཁག་ལ་ཁྱབ་ཡོད།
རང་ལྗོངས་ཀྱིས་ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས“ཚོད་འཛིན་གཅིག་དང་། ཉུང་གཏོང་གཉིས། གཞི་རྩ་གསུམ”བཅས་ཀྱི་ཞིང་ལས་ཀྱི་སྦགས་བཙོག་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱས་ཏེ། སྐྱེ་ལྡན་རྟེན་གཞིའི་རྣམ་གྲངས་ཁུལ་དུ་ཞིང་སྨན་དང་རྫས་ལུད་སྤྱོད་རྒྱུ་མེད་པ་བཟོས་ནས་སྐྱེ་ལྡན་ལུད་སྤྱོད་ཚད་མང་དུ་བཏང་བ་མ་ཟད། བེད་མེད་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་བྱེད་ཚད་དང་། སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད། གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བའི་ལུད་ཕྱོགས་བསྡུས་སྤྱོད་ཚད། སྦགས་བཙོག་ཤོར་བའི་རྨོ་ཞིང་བདེ་འཇགས་ངང་བེད་སྤྱོད་བྱེད་ཚད་བཅས་100%ཟིན་ནས་ལྗང་མདོག་སྐྱེ་ལྡན་ཁས་ལེན་དཔང་འདོན་རྟེན་གཞི་འཛུགས་རྒྱུར་སྔོན་འགྲོའི་ཆ་རྐྱེན་བཏོད་ཡོད།
ཀྲུང་གོ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་ངོས་འཛིན་གཏན་འཁེལ་བྱས་པ་བརྒྱུད། རང་ལྗོངས་སུ་རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་1དང་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་4གྲུབ་འབྲས་ཐོབ་པའི་ངང་བསྐྲུན་ཡོད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) མུའུ་ཁྲི་5ཡོད་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྒྱལ་ཡོངས་ལྗང་མདོག་བཟའ་བཅའ(ནས)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང་། མུའུ་ཁྲི་1.01ཡོད་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྒྱལ་ཡོངས་སྐྱེ་ལྡན་ཞིང་ལས་ཐོན་རྫས(ནས་དང་པད་ཁ་སོགས)རྟེན་གཞི། མུའུ་ཁྲི་129.59ཡོད་པའི་འདམ་གཞུང་རྫོང་རྒྱལ་ཡོངས་སྐྱེ་ལྡན་ཞིང་ལས་ཐོན་རྫས(འོ་མ)རྟེན་གཞི། མུའུ་ཁྲི་216.94ཡོད་པའི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རྒྱལ་ཡོངས་སྐྱེ་ལྡན་ཞིང་ལས་ཐོན་རྫས(འབྲི་གཡག)རྟེན་གཞི། མུའུ་ཁྲི་0.48ཡོད་པའི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒྱལ་ཡོངས་སྐྱེ་ལྡན་ཞིང་ལས་ཐོན་རྫས(ཇ)རྟེན་གཞི་བཅས་ཡོད།
ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར“ས་ཁོངས་ཧྲིལ་པོ་སྐྱེ་ལྡན་དང་། དུས་ཚིགས་བཞི་ཀར་ཐོན་སྐྱེད། ཕྱོགས་ཡོངས་ནས་མཁོ་སྤྲོད”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། སྨན་གླིང་གྲོང་ཁྱེར་དང་བྲག་ཡིབ་ཆུས་ལྟེ་བར་བྱས་ཏེ་བོད་ཀྱི་ཁྱད་ལྡན་སྐྱེ་ལྡན་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་འགན་ལེན་རྟེན་གཞི་བསྐྲུན་ནས་རྒྱལ་ཡོངས་ཀྱི་གནོད་མེད་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་3དང་རྒྱལ་ཡོངས་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་3འཛུགས་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།
(བསོད་བདེ་གཞོན་པས་བསྒྱུར། རིག་རྡོར་གྱིས་ཞུས)