《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月14日

རང་ལྗོངས་ཀྱིས་དཔྱིད་རྨོད་ཞིང་འཕྲུལ་གྱི་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། མིག་སྔར། ལྗོངས་ཡོངས་ཀྱི་དཔྱིད་རྨོད་དཔྱིད་འདེབས་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་འགོ་ཚུགས་པ་དང་ཞིང་འཕྲུལ་གྱི་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་བདེ་འཇགས་དང་བརྟན་ལྷིང་གི་ཁོར་ཡུག་གཏོད་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས《“དཔྱིད་རྨོད་དཔྱིད་འདེབས”རིང་ཞིང་འཕྲུལ་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་ལྗོངས་ཡོངས་ཀྱི་ཞིང་འཕྲུལ་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་གཞི་རིམ་གྱི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཞིང་འཕྲུལ་དུད་ཚང་དང་། ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་། ཞིང་འཕྲུལ་བརྒྱུད་འཚོང་ཁེ་ལས་སོགས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་སུ་བསྐྱོད་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་བེད་མེད་ཞིང་འཕྲུལ་གསར་བརྗེས་ཀྱི་ཁ་གསབ་སྤྲོད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། དབྱིབས་འགྱུར་འདྲུད་འཐེན་འཁོར་ལོའི་གསོག་འབོར་གཙང་བཟོའི་བྱ་སྤྱོད་མུ་མཐུད་སྤེལ་བ་རེད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ལག་རྩལ་གྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཞིང་ནང་དང་མུ་ཁ་དང་། ཞིང་འཕྲུལ་ཉར་ཚགས་བྱེད་ས། ཞིང་འཕྲུལ་ལས་སྒྲུབ་བྱ་ཡུལ་བཅས་སུ་ཟབ་སྐྱོད་བྱས་ཏེ་ཞིང་འཕྲུལ་ཁ་ལོ་བར་འཕྲུལ་ཆས་ལ་ཞིབ་བཟོ་དང་བདག་སྐྱོང་བྱེད་རོགས་བྱས་ནས། ཞིང་འཕྲུལ་ཉོ་སྒྲུབ་དང་བེད་སྤྱོད་ཁ་གསབ་ཀྱི་ཁེ་ཕན་གསར་དུ་ཐོབ་པའི་ཞིང་དུད་ཀྱི་ཁ་ལོ་བར་བཀོལ་སྤྱོད་གསོ་སྦྱོང་གི་ལས་དོན་ཡག་པོ་བསྒྲུབས་པ་རེད།

དེ་དང་དུས་མཚུངས། རང་ལྗོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་བརྙན་འཕྲིན་རླུང་འཕྲིན་དང་སྐད་འཕྲིན་ཚོགས་པ་སོགས་དྲིལ་བསྒྲགས་ཐབས་ལམ་གང་ལེགས་སྤྱད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཞིང་འཕྲུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱ་དང་ཞིང་འཕྲུལ་གྱི་བདེ་འཇགས་ལས་སྒྲུབ་བཀོལ་སྤྱོད་སྒྲིག་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། ཞིང་འཕྲུལ་གྱི་ཞིང་ནང་གི་ལས་འཛོལ་དང་ཞིང་འཕྲུལ་དང་འབྲེལ་བ་ཡོད་པའི་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་གྱི་དཔེ་མཚོན་གྱོད་དཔེ་དྲངས་ཏེ་ཉེན་བརྡའི་སློབ་གསོ་བཏང་ནས་ཞིང་འཕྲུལ་གྱི་བདེ་འཇགས་ཐོན་སྐྱེད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཞིང་འཕྲུལ་གྱི་འཁོར་རྟགས་ཐོ་འགོད་དང་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་སོགས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། བསམ་གྲུབ་རྩེ་ཆུས་དང་། རྒྱལ་རྩེ། པ་སྣམ། ས་སྐྱ། ལྷ་རྩེ། རྣམ་གླིང་བཅས་རྫོང(ཆུས)དྲུག་ཏུ་འདྲུད་འཐེན་འཁོར་ལོའི་འཁོར་རྟགས་དང་། ཁ་ལོ་བའི་ལག་ཁྱེར། ཞིང་འཕྲུལ་རིག་ནུས་རམ་འདེགས་འཁོར་གཏོང་གི་ཚོད་ལྟའི་ལས་དོན་སོགས་སྤེལ་བ་མ་ཟད། རྒྱལ་རྩེ་རྫོང་ནུབ་སྟོད་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་དང་བསམ་གྲུབ་རྩེ་ཆུས་ནོར་འཕེལ་ཞིང་འཕྲུལ་བོགས་གཏོང་ཆེད་ལས་མཉམ་ལས་ཁང་ལ་འདྲུད་འཐེན་འཁོར་ལོའི་འཁོར་རྟགས་23སྤྲད་དེ་ལྗོངས་ཡོངས་ཀྱི་ཞིང་འཕྲུལ་གྱི་བདེ་འཇགས་ལྟ་འདོམས་ཐད་ཐབས་ལམ་གསར་པ་འཚོལ་ཞིབ་ཀྱང་བྱས་ཡོད། (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)