“བྱང་གསུམ”འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་འགོ་བཙུགས་ཚུན“བྱང་གསུམ”འདུ་འགོད་ཁུལ་གྱི་ནགས་རྩྭ་སྔོ་ཁེབས་ཀྱི་སྤུས་ཚད་དང་སྐྱེ་ཁམས་མ་ལག་གི་སྤུས་ཚད་རྒྱུན་མཐུད་མཐོ་རུ་སོང་བ་རེད། ནང་སོག་རང་སྐྱོང་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས“བྱང་གསུམ”འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་ཡག་པོ་བརྒྱབ་ཡོད། འདི་ནི་2023ལོའི་ཟླ་9པར་ཤིས་ལིན་ཀུའོ་ལེ་མོང་ཏུའོ་ལུན་རྫོང་གི་བྱེ་འགོག་ཤུག་སྡོང་གླིང་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། པེ་ཧོས་པར་བརྒྱབ།
ཀན་སུའུ་ཞིང་ཆེན་གྱིས་ས་ཁོངས་བསྒྲལ་བའི་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས“བྱང་གསུམ”འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་མཚོན་བྱེད་རང་བཞིན་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད། འདི་ནི་ཝུའུ་ཝེ་གྲོང་ཁྱེར་མིན་ཆིན་རྫོང་ཧྲང་ཤིན་གྲོང་ཚོའི་ཡུལ་མིས་བྱེ་འགོག་ལས་ཀ་བྱེད་བཞིན་པ། དཔྱད་གཞིའི་པར།
དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ནས་ལོ་40ལྷག་ཙམ་སོང་རིང་། ཤིང་འཛུགས་ནགས་བཟོ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་གཞག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འདི་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པའི་ཡུལ་མིས་སྡོང་ཕྲུག་ཤེལ་དཀར་རིར་དབོར་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེས་པར་བརྒྱབ།
དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ནི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཞིང་ཆེན་གྱིས་འོས་འགན་ཤིང་འཛུགས་བྱེད་སྒོ་སློབ་གྲྭར་ཁྱབ་གདལ་ཧུར་ཐག་བཏང་ནས་སློབ་མ་ཚོའི་སྔོ་ལྗང་ལ་དགའ་ཞེན་དང་། སྔོ་ལྗང་འདེབས་འཛུགས། སྔོ་ལྗང་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད། འདི་ནི་ཧའེ་ཨན་གྲོང་ཁྱེར་ནན་མུའོ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་མས་ཐང་ཀྲོང་གཙང་པོའི་ངོགས་སུ་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོར་ཞུགས་བཞིན་པ། ཀྲའེ་ཧུའེ་ཡུང་གིས་པར་བརྒྱབ(བརྙན་པར་ཀྲུང་གོ)
གཞི་ཁྱོན་ཆེན་པོས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ་ནི་དུས་རབས་གསར་པ་ཤར་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་གྱི་ནགས་རྩྭ་ཁེབས་ཚད་མིག་སྔར་24%ཡན་ཟིན་ཡོད། ཁྲུང་ཆིང་གྲོང་ཁྱེར་གྱིས་ཤིང་འཛུགས་ནགས་བཟོ་དང་རི་རྒྱ་བསྡམས་ནས་ནགས་གསོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲམ་ཐང་ཅན་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། འདི་ནི་ཕྱོགས་བསྡུས་བཅོས་སྐྱོང་བྱས་རྗེས་ཀྱི་ནན་ཁྲོན་ཆུས་ཀྱི་སྐྱེ་ཁམས་བཟང་བའི་རྣམ་པ་ཡིན་པ། ཀྲའེ་མིང་པིན་གྱིས་པར་བརྒྱབ(མི་དམངས་ཀྱི་མཐོང་ཚོར)
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་མཛེས་བཟོར་མཐུན་སྦྱོར་སྐུལ་འདེད་བཏང་བས་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། འདི་ནི་ཅང་ཤིས་ཞིང་ཆེན་ཅི་ཨན་གྲོང་ཁྱེར་ཅི་ཧྲུའེ་རྫོང་ཀོན་ཧྲན་ཤང་གིས་བེད་མེད་ཀྱི་ས་ཆ“སྤྱི་གླིང་ཆུང་ངུར”བསྐྲུན་བཞིན་པ། ལི་ཏེ་མིན་གྱིས་པར་བརྒྱབ(བརྙན་པར་ཀྲུང་གོ)
ས་ཁུལ་ཁག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་འཛུགས་སྐྲུན་གྱི་དོ་དམ་ནང་བཅུག་ནས་གྲོང་ཁྱེར་གྱི་སྤྱི་གླིང་མ་ལག་དང་སྔོ་འགྱུར་དྲ་ལམ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་དེ་ཉིད་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད། འདི་ནི་ཧྲན་ཤིས་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་ཡུས་ཏུའུ་སྤྱི་གླིང་དུ་ནེའུ་གསིང་རབ་ཏུ་རྒྱས་ནས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པ། ཞུའེ་ཅུན་གྱིས་པར་བརྒྱབ(མི་དམངས་ཀྱི་མཐོང་ཚོར)
ཟླ་4ཚེས་3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས“མི་ཚང་མས་སྔོ་ལྗང་གི་ཕོ་ཉ་དང་སྐྱེ་ཁམས་ཀྱི་གདོང་ལེན་པ་བརྩོན་ལེན་གྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པར་སྔོ་ལྗང་གི་མཛེས་རྒྱན་སྤྲས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས”ཞེས་ནན་བཤད་གནང་ཡོད།
“སྔོ་ལྗང་མང་དུ་གཏོང་བ་ནི་དགེ་མཚན་ཆེ་རུ་གཏོང་བ་ཞིག་དང་ཤིང་འཛུགས་པ་ནི་འབྱུང་འགྱུར་གཏོད་པ་ཞིག་རེད”རྒྱལ་ཁབ་ས་ཆ་སྔོ་འགྱུར་གནས་ཚུལ་གྱི་སྤྱི་བསྒྲགས་ལས་མངོན་པར། 2023ལོར་རྒྱལ་ཡོངས་སུ་ནགས་བཟོ་སྤྱི་ཆིང་ཁྲི་399.8བྱས་པ་དང་། སོན་རྩྭ་ལེགས་འགྱུར་སྤྱི་ཆིང་ཁྲི་437.9བྱས་པ། བྱེ་འགྱུར་ཐང་རྒོད་ས་ཞིང་སྤྱི་ཆིང་ཁྲི་190.5བཅོས་སྐྱོང་བྱས་པ། “དྲ་སྦྲེལ་+དམངས་ཡོངས་འོས་འགན་ཤིང་འཛུགས”ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ལོ་འཁོར་མོར་དྲ་ཐོག་ནས་རིགས་ཁག་གི་འགན་སྒྲུབ་བྱེད་སྒོ་ཁྲི་2.4ལྷག་ཙམ་སྤེལ་བར་དྲ་ངོས་ནས་ལྟ་མཁན་དུང་ཕྱུར་4.4བྱུང་སྟེ་འགན་སྒྲུབ་རྣམ་པ་སྣ་མང་ཅན་དང་སྤྱི་དམངས་ཞུགས་རྒྱུ་སྟབས་བདེ་ཅན་རགས་ཙམ་མངོན་འགྱུར་བྱུང་ཡོད།
“བྱང་གསུམ”འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་
ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་པ།
དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལ་སྐུལ་སྤེལ་གཏིང་ཟབ་བཏང་བ།
རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཏན་ཏིག་སྤེལ་བ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་མཛེས་བཟོར་མཐུན་སྦྱོར་སྐུལ་འདེད་བཏང་བ།