《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月10日

གྲ་ནང་རྫོང་གིས།

ཁེ་ལས་འབྲིང་ཆུང་སྐྱེད་སྲིང་ཧུར་ཐག་བྱས་ནས་དངོས་ཚན་དཔལ་འབྱོར་སྟོབས་ཆེར་བཏང་བ།

འདི་ག་ཚགས་པར་ཁང་དུ་གྲ་ནང་ནས་གློག་འཕྲིན་འབྱོར་གསལ། 2023ལོ་ནས་བཟུང་། གྲ་ནང་རྫོང་གིས་ཁེ་ལས་འཕེལ་རྒྱས་གཏོང་རིང་གི་འགག་གནད་དང་དཀའ་གནད་ལ་དམིགས་ཏེ། ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་བྱེད་སྤྱོད་བཅོས་སྒྲིག ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཁེ་ལས་འབྲིང་ཆུང་ཟམ་མི་ཆད་པར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་དངོས་ཚན་དཔལ་འབྱོར་སྟོབས་ཆེར་བཏང་སྟེ། རྫོང་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ་རེད།

2023ལོར་གྲ་ནང་རྫོང་གིས་ཕྲན་ཚེགས་ཁེ་ལས་གཞི་ཁྱོན་ཡན་གྱི་ཁེ་ལས་སུ་རིམ་སྤོར་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་ནས། སྔ་རྗེས་སུ་བོད་ལྗོངས་ཡར་ཀླུང་གཙང་པོ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཧུང་ཅ་ཆུ་འགོག་ཚན་རྩལ་ཚད་ཡོད་ཀུང་སི་གཞི་ཁྱོན་ཡན་གྱི་ཁེ་ལས་སུ་རིན་སྤོར་བྱས་ཡོད། སྲིད་ཇུས་ཀྱི་རོགས་སྐྱོར་ཐད་གྲ་ནང་རྫོང་འཕེལ་སྒྱུར་ཨུ་ལྷན(དཔལ་འབྱོར་དང་ཆ་འཕྲིན་ཅུས)གྱིས་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་གྱི་སྲིད་ཇུས་དྲིལ་བསྒྲགས་ཚོགས་འདུ་ཐེངས་མང་འཚོགས་ཏེ། ཁེ་ལས་ཀྱི་རོགས་སྐྱོར་རྣམ་གྲངས་རེ་ཞུར་ཞིབ་བཤེར་བྱེད་པའི་གོ་རིམ་དང་དོ་སྣང་བྱེད་དགོས་པའི་དོན་དག་སོགས་ཁེ་ལས་ལ་གཅིག་གཏད་གཅིག་གི་འགྲེལ་བཤད་བརྒྱབ་ནས། ཁེ་ལས་ཀྱིས་ཁེ་ལས་ལ་ཕན་པའི་སྲིད་ཇུས“ཤེས་རྟོགས་དང་། ཁོང་དུ་ཆུད་པ། བེད་སྤྱོད། ལོངས་སྤྱོད”བཅས་ཐུབ་པར་རམ་འདེགས་བྱས་ཏེ་ཁེ་ལས་འབྲིང་ཆུང་གྲས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད། 2023ལོ་ནས་བཟུང་ཆ་རྐྱེན་འཛོམས་པའི་ཁེ་ལས་འབྲིང་ཆུང་3ལ་རོགས་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་119.6བརྩོན་ལེན་བྱས་ནས་དམངས་གཉེར་ཁེ་ལས་འབྲིང་ཆུང་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ཁེ་ལས་འབྲིང་ཆུང་གི་རྩིས་ཁྲའི་མ་དངུལ་འགྱངས་ཆད་བྱེད་པ་སོགས་ཁེ་ལས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འགག་རྩའི་གནད་དོན་ལ་དོགས་ཟོན་དང་ཐག་གཅོད་བྱེད་པར་དམིགས་ཏེ། གྲ་ནང་རྫོང་གིས་ཆེད་དོན་བྱ་སྤྱོད་སྤེལ་ནས་འཕེལ་སྒྱུར་ཨུ་ལྷན(དཔལ་འབྱོར་ཆ་འཕྲིན་ཅུས)གྱིས་ཆེད་མི་བཀོད་སྒྲིག་བྱས་ཏེ་སྲིད་འཛིན་ལས་ཁུངས་དང་། ལས་གཉེར་ཚན་པ། གཞུང་ཁོངས་ཁེ་ལས་སོགས་ཁེ་ལས་འབྲིང་ཆུང་གི་རྩིས་ཁྲའི་མ་དངུལ་འགྱངས་ཆད་གནས་ཚུལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་རྗེས་འདེད་ལྟ་སྐུལ་བྱས་པ་རེད། མིག་སྔའི་བར་མ་དངུལ་འགྱངས་ཆད་ཀྱི་གནད་དོན་སྤྱིར་ན་ཐོན་མེད་པ་རེད།