འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་7ཉིན་གནས་ཚུལ་འབྱོར་གསལ། དྭངས་གསལ་དུས་ཚིགས་རིང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་དྭངས་གསལ་དུས་ཚིགས་ཀྱི་མེ་ཟོན་ཆེད་དོན་བྱ་སྤྱོད་སྤེལ་ཞིང་། འཇོན་ཐང་ཆེ་བའི་སྟོབས་ཤུགས་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་མེ་ཟོན་ལས་སྒྲུབ་ལ་མངགས་ནས་དྭངས་གསལ་དུས་ཚིགས་རིང་གི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དྭངས་གསལ་དུས་ཚིགས་ཀྱི་མེ་ཟོན་ཆེད་དོན་བྱ་སྤྱོད་དེ་དྲིལ་བསྒྲགས་ས་ཚིགས་འཛུགས་པ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྤེལ་ཏེ། མེ་ཟོན་ཤེས་བྱ་རྒྱ་ཆེའི་མང་ཚོགས་ལ་བརྒྱུད་སྤྲོད་བྱས་ནས་ཚང་མའི་ནགས་ཚལ་མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་ཡོད།
བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་ལས་སྒྲུབ་ཡན་ལག་རུ་ཁག་ཁག་གིས་ཁུལ་ཁོངས་ཕྱེ་ནས་ལས་འགན་སྒྲུབ་པ་དང་། གཙོ་གནད་ནགས་ཁུལ་དུ་བསྐྱོད་དེ་འགག་སྒོ་བཙུགས་ནས་ཞིབ་བཤེར་བྱེད་པ། སྒྲིག་ཆས་ཁྱེར་ནས་སྐོར་གཡེང་བྱེད་པ། ནགས་ཁྲོད་ཀྱི་འབར་སླ་བའི་དངོས་པོར་ཞིབ་བཤེར་སོགས་ཀྱི་ལས་དོན་སྤེལ་ཞིང་། མི་མེད་གནམ་གྲུས་མཁའ་དབྱིངས་ནས་ཕྱོགས་མང་པོར་སྐོར་ཞིབ་དང་ས་ངོས་ནས་རྐང་ཐང་སྐོར་གཡེང་ཟུང་འབྲེལ་གྱིས་སྔོན་གཏན་འཁེལ་བའི་ལམ་ཐིག་བརྒྱུད་རིམ་སྤོར་རྣམ་པའི་གྲལ་བཤེར་བྱས་ཏེ་མེ་ཟོན་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བྱས་ཡོད། གོམ་སྟབས་རྗེས་མར་སྤྱི་ཁྱབ་རུ་ཁག་གིས་ལྗོངས་ཡོངས་ཀྱི་མེ་ཟོན་དུས་བབ་ལ་མུ་མཐུད་དོ་ཁུར་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་དང་མངོན་མེད་རྐྱེན་ངན་ཐོན་མ་ཐག་སེལ་ཐུབ་པར་བྱས་ནས་གངས་ལྗོངས་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།