—— མལ་གྲོ་གུང་དཀར་རྫོང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གཏིང་ཟབ་བྱས་པའི་སྐོར་རགས་ཙམ་བཀོད་པ།
2013ལོར་མལ་གྲོ་གུང་དཀར་རྫོང་སྦྲང་མདའ་གྲོང་ཚོ་ཧྲིལ་པོ་གནས་སྤོས་བྱས་ཤིང་། ཡུལ་མི་ཚོར་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྒོ་ར་རང་འགྲིག་མའི་ཁང་པ་གསར་རྐྱང་བརྒྱབ་པ་རེད། མ་གཞི་དེ་གར་འགྲིམ་འགྲུལ་སྟབས་བདེ་ལ་རི་འདབས་དང་གཙང་པོའི་ངོགས་སུ་གནས་མོད། འོན་ཀྱང་ཁོར་ཡུག་དེ་ཙམ་ཡག་པོ་མེད། བྱ་ཐབས་ཁག་དོན་འཁྱོལ་བྱུང་བ་དང་བསྟུན་ཁོར་ཡུག་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་པ་དང་ཆབས་ཅིག གྲོང་མི་ཚོས་འཕྲོད་བསྟེན་གྱི་གོམས་གཤིས་ལ་འགྱུར་ལྡོག་བཏང་བས་འཚོ་བའི་གོམས་གཤིས་བཟང་པོ་རིམ་གྱིས་འཇགས་ཏེ་སྦྲང་མདའ་གྲོང་ཚོའི་ཁོར་ཡུག་སྔར་བས་སྡོད་མལ་ལ་འཚམ་པར་གྱུར་ཡོད།
སྦྲང་མདའ་གྲོང་ཚོ་ནི་མལ་གྲོ་གུང་དཀར་རྫོང་གིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་པའི་དཔེ་མཚོན་ཞིག་རེད། ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་སྡོད་ཁང་རིམ་སྤོར་སྒྱུར་བཀོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་དུས་མཚུངས། ཤང་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་། གད་སྙིགས་རིགས་དབྱེ། གསང་སྤྱོད་གསར་བརྗེ་སོགས་ཀྱི་བྱེད་ཐབས་ཆ་ལག་ཚང་བར་ལག་བསྟར་བྱས་ནས“ནམ་མཁའ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་གཙང་། ས་གཞི་དེ་བས་རྡུལ་དག་པ། གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ”བཅས་ཀྱི་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད།
2020ལོའི་ཟླ་4པར་མལ་གྲོ་གུང་དཀར་རྫོང་གིས་རུ་ཐོག་ཤང་དང་། བཀྲ་ཤིས་སྒང་ཤང་། རྩ་ཞོལ་ཤང་བཅས་སུ“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་འཆར་གཞི་གྲོང་ཚོ་ཡོངས་སུ་སྤེལ་བའི་ཚོད་ལྟའི་རྣམ་གྲངས་ལག་ལེན་བསྟར་བ་རེད། 2021ལོར་མལ་གྲོ་གུང་དཀར་རྫོང་གིས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་ལས་གྲྭ་ཁག་གཉིས་པ་སྤེལ་འགོ་ཚུགས་ཏེ་དུས་ཐེངས་གཉིས་ལ་བགོས་ནས་ཤང་དང་གྲོང་རྡལ་6གི་གྲོང་ཚོ་13ལ་ཞིང་འབྲོག་པའི་སྡོད་ཁང་གསར་སྐྲུན་དང་། སྡོད་ཁང་སྒྱུར་བཀོད་རིམ་སྤོར། སྡོད་མལ་ཁོར་ཡུག་བཅོས་སྒྲིག་བཅས་ཀྱི་ལས་དོན་སྤེལ་བ་རེད།
“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་ཀྱི་སྡོད་ཁང་བཀོད་སྒྲིག་སྔར་བས་ལེགས་སུ་ཕྱིན་པ་དང་། མང་ཚོགས་ཀྱི་སྡོད་ཁང་སྤུས་ཚད་ལེགས་སུ་ཕྱིན་པ། མི་ཕྱུགས་ལོགས་དབྱེ་བྱུང་བ། ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་ཕྱིན་པ། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།