《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月07日

༄༅་། གཏམ་དཔེ་རྣ་བའི་བུ་རམ་།

※ བྱ་འབབ་སའི་བྲག་ན་རྡང་མེད། །

ཟོག་འཚོ་སའི་ལྷས་ན་རྩྭ་མེད། །

※ ཙན་དན་གྱིས་མེ་ཤིང་བྱེད་མཁན། །

གོས་ཆེན་གྱིས་ཐབ་ཕྱིས་བྱེད་མཁན། །

※ བློ་རིག་པ་གློག་དམར་འཁྱུག་འཁྱུག །

གཏམ་ཁ་ལྕེ་མེ་ལྕེ་འབར་འབར། །

※ རྒྱུག་པའི་བང་རྩལ་རླུང་འདྲ་འདྲ། །

འཕུར་བའི་གཤོག་རྩལ་བྱ་འདྲ་འདྲ། །

※ ཤིང་ཡར་སྐྱེས་ནང་གི་ཙན་དན་ཡིན། །

ཆུ་མར་འབབ་ནང་གི་བདུད་རྩི་ཡིན། །

※ སྟོད་གངས་རི་ཉི་མས་བཞུར་མ་མྱོང་། །

བྱ་རྨ་བྱ་དུག་གིས་ཤི་མ་མྱོང་། །

※ བྱ་ཕོ་རོག་ནག་ཀྱང་མཆིན་པ་དཀར། །

མགོ་སྐྲ་ལོ་ནག་ཀྱང་བསམ་པ་དཀར། །

※ ཕ་བཟང་བུ་མོ་རིག་བཟང་མ། །

མ་བཟང་བུ་མོ་རྒྱན་ཡག་མ། །

※ སྡུག་གི་མུན་པ་མཐའ་ནས་སངས། །

སྐྱིད་ཀྱི་ཉི་མ་དགུང་ནས་ཤར། །

※ དགུང་རྒྱུ་སྐར་ཁ་གྲངས་མང་ཡང་། །

སྨག་ནག་པོ་སེལ་མཁན་དུང་ཟླ་ཡིན། །

※ ཁ་སེམས་ཇ་དང་འོ་མ་ཡིན། །

ཁ་ཁོག་ཟྭ་དང་ལྡེ་མིག་ཡིན། །

※ རྩལ་དྲུག་ལུས་ལ་ཚང་ཡོད། །

རྩིས་དྲུག་ཁོག་ལ་ཆུད་ཡོད། །

※ དགུང་ཨ་སྔོན་འགྱོགས་པའི་ཀ་བ། །

ས་དོག་མོ་ཆགས་པའི་རྟེན་ཕུར། །

※ ཞ་རས་མིག་ཆུ་འཕེན་ས། །

གྱོལ་བོས་ལག་རྟེན་ཁེན་ས། །

※ དཔོན་པོ་གསེར་གྱི་རི་འདྲ་ཞིག །

བློན་པོ་དུང་གི་རྣ་ཅན་ཞིག །