འདུས་པ་ཁྲོམ་གྱི་གར་སྟེགས་སུ། །
སྐེད་པའི་འཁྲི་ཤིང་རབ་ཕྲ་མའི། །
མཉེན་ལྕུག་ལུས་ཀྱི་རྣམ་འགྱུར་དེས། །
དབང་མེད་མིག་ཟུང་ལྐོག་ནས་ཁྱེར། །
རབ་མཛེས་སྙིང་རྗེའི་རང་གཟུགས་འཕྲུལ། །
མི་མངོན་ནམ་མཁའི་ལྷ་མོ་བཞིན། །
ཡིད་འོང་ལྷོད་པའི་ཉམས་འགྱུར་དེ། །
མིག་གི་དཔལ་དུ་བྱོན་པ་ལེགས། །
གཞན་སེམས་རྐུ་བའི་ཞལ་རས་ངོས། །
མ་བཅོས་འཛུམ་གྱི་ཚེམས་ཕྲེང་དགོད། །
མཆུ་སྒྲོས་ཨུཏྤལ་ར་མདའ་ཡིས། །
གཞོན་པའི་ཡིད་ཀྱི་སྦྲང་མ་སྒུལ། །
ལུས་མཛེས་དབྱར་གྱི་སྤང་ཐང་འདྲ། །
གསུང་སྐད་ཁུ་བྱུག་དོ་ཟླར་འཁུ། །
སྙིང་གཏམ་བདུད་རྩིའི་སྐྱེམས་ཆང་གིས། །
བུང་བ་དགའ་བདེའི་དཔལ་གྱིས་མྱོས། །
ལུས་ཀྱི་སྟངས་སྟབས་མིག་གི་དཔལ། །
ངག་གི་གྲེ་འགྱུར་རྣ་བའི་དཔྱིད། །
སེམས་ཀྱི་རང་བཞིན་གངས་རིའི་མདོག །
ནང་སེམས་མྱོས་པའི་རྒྱུ་རུ་གྱུར། །
ཞལ་ཁྱིམ་པདྨའི་མེ་ཏོག་མཛེས། །
ཞལ་མཆུ་གེ་སར་སྙིང་པོ་ཡག །
ཞལ་གྱི་ཡན་ལག་འདབ་མ་གྲོལ། །
ཞལ་བཟང་ཡིད་འོང་ལྟ་ན་སྡུག །