《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月07日

༄༅། །དབྱངས་ལ་བསྟར་བའི་གཞས།

རུས་རྐང་དྭངས་མ།

གནས་རི་ལུང་གི་སྐྱེད་མོས་ཚལ་དུ། །

རྩྭ་རྩི་ཤིང་གིས་མགོ་ལྕོག་ལྡེམ་དུས། །

ངའི་དྲན་ཤིང་གི་གསེབ་ཏུ་བཞད་པའི། །

གྲོགས་དགའ་མ་ཡང་ངང་གིས་དྲན་བྱུང་། །

གནམ་སྔོན་པོ་ཡི་ལྡིང་ཁང་དབུས་སུ། །

སྤྲིན་དཀར་པོ་ཡི་བང་རིམ་རྩིག་དུས། །

ངའི་སྙན་ངག་གི་ཚིག་རྐང་རེ་རེར། །

ཁྱོད་ཅེས་པ་ཡི་བརྗོད་བྱ་བྲིས་ཡོད། །

ནགས་ཚང་ཚིང་གི་གཡུ་ལོའི་སྟེང་དུ། །

ཤིང་ཙན་དན་གྱི་དྲི་བསུང་འཐུལ་དུས། །

ཡུལ་རྒྱང་རིང་དུ་བཞུད་པའི་གྲོགས་ཀྱི། །

ལུས་རྒྱབ་གཟུགས་དེ་ཝ་ལེར་དྲན་བྱུང་། །

མདོག་དམར་སེར་གྱི་འཇའ་གུར་དབུས་སུ། །

རྒོད་ཐང་དཀར་གྱིས་གཤོག་རྩལ་ངོམ་དུས། །

ངའི་བསམ་གཞིག་གི་དྲན་པའི་དབུས་སུ། །

གྲོགས་དགའ་མ་ཡི་འཛུམ་ཞལ་འཆར་བྱུང་། །

གཞོན་མུ་ཏིག་གི་རྩེད་རའི་ནང་དུ། །

མིག་ཁྲ་ཆུང་གིས་ཟུར་མདའ་འཕེན་དུས། །

ངའི་ལས་དབང་གི་དར་སྐུད་སྣེ་རུ། །

ཁྱོད་ཅེས་པ་ཡི་མིང་བྱང་བྲིས་ཡོད། །

སྟོད་གངས་དཀར་གྱི་རི་བོའི་ཅོད་པན། །

ངའི་འདྲེན་བྱེད་ཀྱི་ལམ་དུ་འཆར་དུས། །

གྲོགས་དགའ་མ་ཡི་ཡུལ་གྲུ་ཆུང་ཆུང་། །

ངའི་ཡིད་སེམས་ཀྱི་ནམ་མཁར་ལྡིང་བྱུང་། །