《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月06日

ས་མཐོའི་ཞིང་ནང་དུ“ལྕགས་གླང”བྲེལ་འཚུབ་ཆེ།

གཞི་ཁྱོན་ཆེ་བའི་དཔྱིད་རྨོད་དཔྱིད་འདེབས་མ་བྱས་གོང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་རོང་ཤང་འོ་ཐང་གྲོང་ཚོས་འཁྲུག་ཆ་དོད་པའི་དཔྱིད་རྨོད་ཀྱི་འགོ་ཚུགས་མཛད་སྒོ་གཉེར་བ་རེད། དར་ཚོན་དམར་པོས་བརྒྱན་པའི“ལྕགས་གླང”སྟེ་འདྲུད་འཐེན་འཕྲུལ་འཁོར་10ལྷག་ཙམ་གྲལ་སྟར་བསྒྲིགས་ནས་བསྡད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་རྒྱལ་མཚན་གྱི་བཀོད་སྒྲིག་འོག ཡུལ་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་གོ་རིམ་ལྡན་པའི་ངང་གྲ་སྒྲིག་བྱེད་བཞིན་ཡོད།

ལོ་57ལ་སླེབས་པའི་ཚེ་རིང་ཆོས་སྒྲོན་ལོ་ལྟར་དཔྱིད་རྨོད་མཛད་སྒོར་ཞུགས་ཀྱི་ཡོད་ཅིང་། ད་ལོ་ཁོང་གིས་ཡུལ་མི་ཁག་གཅིག་གི་སྣེ་ཁྲིད་དེ་སྦྱག་མས་ས་སློག་རྒྱག་གིན“ཞིབ་ལས་བྱས་ན་འབྲས་བུ་ཡག་པོ་ཐོབ་ངེས་རེད”ཅེས་ཚང་མར་དོ་དོ་ནན་ནན་བྱེད་དགོས་པའི་མངགས་བྱ་བྱས།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) འདི་གར་ས་བབ་མཐོ་ཚད་སྨི་4100ལྷག་ཙམ་ཟིན་པས་ནས་ནག་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད། རི་རོང་ཤང་གི་ཤང་ཀྲང་ཁྲེན་ཁྲེང་གིས་ངོ་སྤྲོད་བྱས་དོན། འོ་ཐང་གྲོང་ཚོའི་ནས་ནག་མུའུ་རེའི་ཐོན་འབབ་རྒྱ་མ་700ནས་1000བར་ཟིན་པ་དང་། མུའུ་རེའི་ཐོན་འབབ་ཉེ་འཁོར་གྱི་གྲོང་ཚོ་ལས་ཅུང་མང་བ་ཡོད། ཉེ་བའི་ལོ་ཤས་རིང་། འདི་གར་སྲོལ་རྒྱུན་གྱི“རྨོན་མཛོ་དོར་སྦྲེལ”གྱི་རྨོ་འདེབས་བྱེད་སྟངས་མཇུག་འགྲིལ་ནས་ས་ཞིང་དང་། ས་བོན། བྱ་ཐབས། ཞིང་འཕྲུལ་བཅས་བཟང་བའི་དེང་རབས་རྨོ་འདེབས་བྱེད་སྟངས་ཁྱབ་གདལ་བཏང་ཡོད།

ལོ་73ལ་སླེབས་པའི་ཤེས་རབ་རྒྱལ་མཚན་ལ་ས་ཞིང་ཅུང་རྒྱ་ཆེ་ཙམ་ཡོད། དེ་སྔོན་ཁོང་ཚོའི་ནང་མི་ཚང་མས་དུས་ཚོད་ཡུན་རིང་པོ་སྤྱད་ཚེ་གཞི་ནས་དཔྱིད་རྨོད་དཔྱིད་འདེབས་ལས་ཀ་ཚར་གྱི་ཡོད། ད་ལྟ་ཞིང་འཕྲུལ་ལ་བརྟེན་པ་བརྒྱུད་ས་ཞིང་འདེབས་མགྱོགས་ལ་སྟབས་བདེ་རུ་ཡང་ཕྱིན་ཡོད།

2011ལོར། རི་རོང་ཤང་གིས་ཞིང་འཕྲུལ་ཞབས་ཞུའི་མཉམ་ལས་ཁང་བཙུགས་པ་དང་། མཉམ་ལས་ཁང་གི་འགན་འཁུར་བ་བསོད་ནམས་རྡོ་རྗེས་ངོ་སྤྲོད་བྱས་དོན། དེ་སྔོན་དཔྱིད་རྨོད་དཔྱིད་འདེབས་བྱེད་པར་ཉུང་མཐར་ཡང་ཟླ་བ་གཅིག་འགོར་གྱི་ཡོད། ད་ཆ་ཉིན་བདུན་བརྒྱད་ནང་ཚར་བ་མ་ཟད། ཞིང་འཕྲུལ་གླ་ཆ་མུའུ་རེར་སྒོར་25ལས་སྤྲོད་དགོས་ཀྱི་མེད།

2019ལོ་ནས་བཟུང་། ལྷུན་རྩེ་རྫོང་གིས་ནས་ནག་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་རྣམ་གྲངས་ལག་ལེན་བསྟར་ཡོད། ལྷུན་རྩེ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྤེན་ཆུང་གིས་ངོ་སྤྲོད་བྱས་དོན། མིག་སྔར། རྫོང་ཡོངས་སུ་ནས་ནག་གཙོ་བོར་བྱེད་པའི་ལས་སྣོན་ཁེ་ལས་ཁྱོན་4ཡོད། ན་ནིང་ཁེ་ལས་4ཡིས་ནས་ ནག་ཏུན་435.3ལས་སྣོན་བྱས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་1300ཟིན་པ་དང་། རིམ་རྩིས་བརྒྱབ་ན་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་873.5འཕར་ཡོད།

(《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)