《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月05日

ལྗང་མདོག་ཐོན་ལས་བཏོད་། ཕྱུག་འགྱུར་ལམ་བུ་ཡངས་།

བོད་བྱ་ནི་བོད་ལ་དམིགས་སུ་ཡོད་པའི་ས་གནས་ཀྱི་ཁྱིམ་བྱའི་རིགས་ཀྱི་ཐོན་ཁུངས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་ཏེ། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་བོད་བྱ་ནག་པོའི་གསོ་ཚགས་ཀྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་བ་དང་ཁོངས་གཏོགས་ཁུལ་གྱི་རི་རོང་ཤང་དང་། ལྷུན་རྩེ་གྲོང་རྡལ། རི་ཐང་གྲོང་རྡལ། བྱ་ཡུལ་ཤང་སོགས་ཀྱིས་རྒྱ་ཆེའི་མང་ཚོགས་སྒྲིག་འཛུགས་བྱས་ནས་བོད་བྱ་ནག་པོའི་གསོ་ཚགས་ཐོན་ལས་ནང་ཞུགས་སུ་བཅུག་པ་རེད། མིག་སྔའི་བར། ལྷུན་རྩེ་རྫོང་ཁོངས་སུ་བོད་བྱ་ནག་པོ་ཁྲི་3.75ཟིན་པ་དང་ལོ་རེར་ཆ་སྙོམས་སྒོ་ང་ཁྲི་106ཟིན་ནས་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་ཡོང་གི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལམ་བུ་ཡག་པོ་གཏོད་ཆེད། 2015ལོར་ལྷུན་རྩེ་རྫོང་གིས་མ་དངུལ་སྒོར་ཁྲི་710བཏང་སྟེ་བོད་ལྗོངས་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མང་མཚོ་བོད་བྱ་ནག་པོ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། 2018ལོར་སླར་ཡང་མ་དངུལ་སྒོར་ཁྲི་149.04བཏང་ནས་ལྷུན་རྩེ་གྲོང་རྡལ་ཐང་སྟོང་གྲོང་ཚོར་བོད་བྱ་ནག་པོ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་གཉིས་བཙུགས་ཚུན། ས་གནས་དེ་གའི་ཞིང་དུད་མི་ཉུང་བ་ཞིག་ལས་ཞུགས་ཐུབ་པ་མ་ཟད་མཉམ་ལས་ཁང་གི་བགོ་འགྲེམས་ཀྱང་ལོ་རེ་བཞིན་མང་དུ་སོང་བ་རེད།

དེ་དང་ཆབས་ཅིག ལྷུན་རྩེ་རྫོང་གིས་སྔ་རྗེས་སུ“མང་མཚོ་བོད་བྱ་ནག་པོ”དང“ཐང་གྲུབ་བོད་བྱའི་སྒོ་ངའི”ཚོང་རྟགས་ཐོ་འགོད་བྱས་ཏེ། བོད་བྱ་ནག་པོའི་སྒོ་ང་ཐུམ་སྒྲིལ་དང་སྒོ་ངའི་ཐོན་རྫས་ཞིབ་བཤེར་ཚད་ལེན་སོགས་ཀྱི་ལས་དོན་ཇུས་འགོད་བྱས་ནས་སྤེལ་བར་ལྗང་མདོག་བཟའ་བཅའི་དཔང་ཡིག་དངོས་སུ་རག་པ་རེད།