ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་སློབ་ཆེན་སློབ་ཐོན་སློབ་མ་ཕུར་བུ་རྡོ་རྗེས་ལྷད་མེད་བཟོ་ཆོག་ཚལ་གྱི་ལས་གཏོད་ཀྱི་ལམ་བུར་བསྐྱོད་དེ། སློབ་གྲྭ་ཐོན་མ་ཐག་སྦྱིན་བདག་ཏུ་འགྱུར་བ་དང་ཟླ་དང་པོ་ཁོ་ནར་ཞོག་ཁོག་ཏུན་4བཙོངས་པ་དང་ཡུལ་དེ་གར་ལྷད་མེད་བཟོ་ཆོག་ཚལ་གྱི་ཐོན་ལས་མེད་པ་ནས་ཡོད་པའི་བར་མཆོང་སྐྱོད་ཐུབ་པ་རེད།
ལྷད་མེད་བཟོ་ཆོག་ཚལ་གྱི་ཐོན་ལས་གཉེར་དོན་གང་ཡིན་ནམ་ཞེས་དྲིས་པར། ཕུར་བུ་རྡོ་རྗེས་ད་ཕན་ལོ་ཤས་རིང་རྒྱལ་ནང་གི་ལྷད་མེད་བཟོ་ཆོག་ཚལ་གྱི་ཁྲོམ་ར་རིམ་བཞིན་གྲ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་སྲིད་ཇུས་ཟམ་མི་ཆད་པར་བཏོན་ནས། ཐོན་ལས་དེ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་ཀྱི་འདུག ངས་ཚོང་ལས་ཀྱི་གོ་སྐབས་དེ་མཐོང་ནས་ལས་ཀ་དེར་གཞོལ་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་བཤད།
ལྷད་མེད་བཟོ་ཆོག་ཚལ་ནི་སྔོ་ཚལ་སོས་པ་གཙང་འཁྲུ་དང་། པགས་པ་བཤུ་བ། བཏུབ་པ་སོགས་ཀྱི་གོ་རིམ་བརྒྱུད་རྗེས་འབུ་ཕྲ་མེད་པའི་ཁོར་ཡུག་འོག་མཁའ་རླུང་མེད་པར་ཐུམ་སྒྲིལ་བརྒྱབ་པ་དང་གྲང་འདྲེན་སྐྱེལ་འདྲེན་བྱེད་སྟངས་བརྒྱུད་འཛད་སྤྱོད་པར་ཕྱིར་ཚོང་བྱེད་ཀྱི་ཡོད། ལྷད་མེད་བཟོ་ཆོག་ཚལ་སོས་པ་དང་གཙང་སྦྲ་ལྡན་པའི་ཁྱད་ཆོས་ཡོད་པས་འཛད་སྤྱོད་པས་ཐད་ཀར་གཡོས་སྦྱོར་རམ་གྲང་ཉར་བྱེད་ཆོག་པས་སྟབས་ཧ་ཅང་བདེ་པོ་ཡོད།
བསྟན་འཛིན་འཇམ་དབྱངས་ནི་ཕུར་བུ་རྡོ་རྗེའི་མཉམ་ལས་པ་རེད་ལ་སློབ་ཆེན་སློབ་མའང་རེད། 2023ལོའི་ཟླ་9པར་ཁོང་ཚོས་གྲ་ནང་རྫོང་གི་བོད་ལྗོངས་དར་རྒྱས་ཁེ་ལས་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་ཕུར་བུ་རྡོ་རྗེས་ཀུང་སིའི་ཁྲིམས་མིའི་འགན་འཁུར།
2023ལོའི་ཟླ་10པར་ཚད་གཞི་དང་མཐུན་པའི་ལྷད་མེད་བཟོ་ཆོག་ཚལ་ཁག་གཅིག་དངོས་སུ་ཁྲོམ་རར་བཏོན་པ་དང་ཟླ་བ་གཉིས་རིང་དྲིལ་བསྒྲགས་ཁྱབ་གདལ་དང་ཁྲོམ་ར་གསར་འབྱེད་བྱས་པ་རེད།
གསར་འགོད་པས་ལས་གཏོད་བྱེད་རིང་དཀའ་ངལ་འཕྲད་སྐབས། བློས་གཏོང་གི་བསམ་བློ་འཁོར་མྱོང་ཡོད་དམ་ཞེས་འདྲི་སྐབས། ཕུར་བུ་རྡོ་རྗེ་དང་བསྟན་འཛིན་འཇམ་དབྱངས་ཀྱིས་ཕན་ཚུན་དབར་ལྟ་ཙམ་བྱེད་བཞིན་གསར་འགོད་པར“ཐོག་མར་ལས་གཏོད་ཀྱི་སེམས་ཐག་གཅོད་སྐབས་ལམ་བུ་དེ་སྐྱོད་དཀའ་བ་ཞིག་ཡིན་པ་ཤེས་རུང་། འོན་ཀྱང་བློས་གཏོང་གི་བསམ་བློ་གཏན་ནས་འཁོར་མྱོང་མེད་ལ་གལ་ཏེ་དཀའ་ངལ་འཕྲད་མ་ཐག་བློས་བཏང་ཚེ་གྲུབ་འབྲས་ཐོབ་པའི་ཉིན་དེ་ནམ་ཡང་ཤར་མི་སྲིད”ཅེས་ཕུར་བུ་རྡོ་རྗེས་བཤད་པ་དང་། ཁོང་གིས“གནད་དོན་འཕྲད་སྐབས་ཐག་གཅོད་བྱེད་དགོས་པ་དང་བློས་གཏོང་མ་བྱས་ཚེ་ཐབས་ཤེས་ཤིག་ཅིས་ནས་ཀྱང་རྙེད་སྲིད་ལ་བྱ་གཞག་དེར་བློ་རྩེ་གཅིག་གིས་གཞོལ་ཚེ་ང་ཚོར་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཞིག་ཡོང་ངེས་རེད”ཅེས་བཤད།